དབུ་ཤོག >> བོད་ཀྱི་རིག་གནས། >> ལོ་རྒྱུས། >> བདེ་ཆེན་གྱི་ལོ་རྒྱུས།
རྒྱལ་ཐང་འོ་མ་མཚོ།
རྩོམ་པ་པོ། བསམ་འགྲུབ་ཚེ་རིང་། དུས་ཚོད། 2018-06-22 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 173

    རྒྱལ་ཐང་སུམ་རྩེན་གླིང་གི་མདུན་དུ་ཆེད་གཉེར་མཆོད་ཡོན་བཤམས་པ་ལྟ་བུ་རྒྱལ་ཐང་འོ་མའི་མཚོ་ཞེས་སྙན་གྲགས་ཅན་ཞིག་ཡོད་ལ། དེ་ཡང་ངག་རྒྱུན་དུ་རྒྱལ་དབང་དྲུག་པས་རང་གི་ཡང་སྲིད་གང་དུ་སྐུ་འཁྲུངས་པར་མགུར་གླུ་ལས། བྱ་དེ་ཁྲུང་ཁྲུང་དཀར་མོ།། གཤོག་རྩལ་ང་ལ་གཡོར་དང་།། ཐག་རིང་རྒྱང་ལ་མི་འགྲོ།། ལི་ཐང་སྐོར་ནས་སླེབས་ཡོང་།། ཞེས་ལུང་བསྟན་པ་ལྟར་རྒྱལ་དབང་བདུན་པ་ལི་ཐང་ནས་སྐུ་འཁྲུངས་པ་དང་། སྐབས་དེར་ལྷ་བཟང་ཧན་ནས་རང་གི་ཚ་བོ་ཞིག་རྒྱལ་དབང་དྲུག་པའི་ཡང་སྲིད་དུ་བསྐོ་རྩིས་ཡོད་པས་གང་སར་རྒྱལ་བའི་ཡང་སྲིད་སྐོར་གྱི་སྐད་ཆ་ཐོས་ཚེ་དེ་གར་ཁོ་བའི་བཀའ་དང་དམག་མིས་རྗེས་འདེད་རྩད་གཅོད་བྱེད་བཞིན་ཡོད། དེ་བས་ཡང་སྲིད་དང་ཡུམ་གཉིས་བྲོས་བྱོལ་དུ་རྒྱལ་ཐང་དགོས་པའི་ཉེ་འཁོར་མཁར་རིའི་བྲག་ཕུག་ཅིག་ན་ཡིབ་བསྡད་ཡོད་དུས་ས་དེ་གའི་མང་ཚོགས་ཀྱིས་མཐོང་ནས་ཡུམ་སྲས་གཉིས་ལ་སྙིང་རྗེ་སྐྱེས་ཏེ་ནངས་སྔ་མོར་འོ་མ་དཀར་ཡོལ་གང་རེ་བསྐྱལ་བ་སྲས་ཀྱིས་འོ་མ་དཀར་ཡོལ་གང་ལས་ཕྱེད་ཀ་སར་འབོ་བ་ཡིན། རྗེས་སུ་སྤྲུལ་སྐུའི་འོ་མ་འབོ་སའི་ས་དེ་ནས་དྭངས་གཙང་གི་ཆུ་མིག་མང་བོ་བརྡོལ་བས་འོ་མ་མཚོ་ཞེས་གྲགས། དེ་ནས་བཟུང་རྒྱལ་ཐང་འོ་མའི་མཚོ་ཁ་ཞེས་ན་བོད་ཁམས་སུ་མི་ཤེས་པ་མེད་པ་ལྟ་བུའི་སྙན་གྲགས་ཞིག་ཆགས་འདུག  སྐབས་དེར་རྒྱལ་ཐང་དགའ་ལྡན་སུམ་རྩེན་གླིང་དུ་ལྷ་བཟང་གིས་བཀའ་བབས་རུང་དགོན་པའི་ཁྲི་བས་བཀའ་དང་ལེན་མ་བྱས་པར་ལྐོག་ཏུ་ཡང་སྲིད་ཨ་མདོ་རྗེ་འབུམ་དགོན་པར་བསྐྱལ་སྟབས་ཕྱིས་སུ་གདན་སར་འགོད་ཐུབ་པ་བྱུང་བ་ཡིན། རྒྱལ་དབང་བདུན་པ་ཁྲིར་འཁོད་རྗེས་ཁོང་གིས་དགོན་འདིའི་བཅའ་ཡིག་མཛད་པ་དང་རྒྱལ་ཐང་གི་གཞི་བདག་མཐུ་བོ་ཆེ་རྣམས་ལ་བསང་ཡིག་བརྩམས། དགོན་པར་རྟེན་མང་བོ་གནང་བ་སོགས་བརྩེ་གཟིགས་བཀའ་དྲིན་བླ་ལྷག་ཏུ་ཆེའོ།། མཚོ་དེའི་བྱང་ཤར་ནས་ལྷོ་ནུབ་བར་མེ་ཏོག་སྣ་ཚོགས་བཀྲ་བའི་སྤང་རིས་བསྐོར་བ་དང་། ལྷོ་ནུབ་ནས་ཆུ་སྲིན་ཉལ་བ་ལྟ་བུའི་བྲག་རི་ཆུང་ངུ་ཞིག་མཚོའི་ནུབ་ཕྱོགས་ཀྱི་ལྕགས་རིའི་ཚུལ་དུ་ཡོད། ས་དེ་ལ་དཔལ་ལྡན་ལྷ་མོའི་འཁོར་ཆུ་སྲིན་གདོང་ཅན་གནས་པར་གྲགས་པས། བྲག་དེ་ལ་དུང་ཆུ་སྲིན་ཞེས་བརྗོད། མཚོ་དེ་དང་དགོན་སྡེའི་ལྕགས་རིའི་བར་དུ་སྤང་ཐང་ཡིན་པས་བར་དུ་སྒྲིབ་བྱེད་གང་ཡང་མེད་པའི་མཚོ་དེ་ནི་དཔལ་ལྡན་ལྷ་མོའི་བླ་མཚོ་ཡིན་པར་གྲགས། ཡང་ཤར་ཕྱོགས་སྤང་རི་མཐོན་པོའི་སྒང་དུ་ཞོ་རྡོ་བླ་མཚོ་ཆེན་མོ་ཡོད། སྡེ་འདིའི་ཆོས་སྐྱོང་བསེ་ཁྲབ་པའི་བླ་མཚོ་ཡིན་པར་བརྗོད། རོང་བའི་ཡུལ་དུ་རོང་ཡུལ་མཚོ་སྐྱོག  སྨར་ཁམས་གངས་རིའི་ཉེ་འདབས་སུ་མཚོ་ཆེ་ཆུང་བརྒྱ་ཕྲག་གྲངས་ལས་བརྒལ་བ་དང་ཡུལ་གྱི་སྟོད་སྨད་བར་གསུམ་ན་ཡོད་པའི་མཚོ་ཕྲན་ནི་བགྲང་ལས་འདས་སོ།། 

 

 

རྩོམ་སྒྲིག་པ། (པདྨ་མཚོ།)