དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
གླུ་བ་མཁར་བྱམས་རྒྱལ་ཀྲུང་གོའི་སྒྱུ་རྩལ་འཇོན་མིའི་ཁྲོད་ཚུད།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-06-04 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 2398

       ཉེ་སྔོན། ཀྲུང་གོའི་རིག་གནས་སྒྱུ་རྩལ་འཇོན་མི་དོ་དམ་ལྟེ་གནས་ཀྱིས་འཕྲིན་བཟང་བསྒྲགས་པ་ལྟར་ན།མཚོ་ལྷོ་ཁུལ་གྱི་མི་རིགས་གླུ་གར་ཚོགས་པའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་འཁྲབ་སྟོན་པ་བོད་ཀྱི་གླུ་བ་མཁར་བྱམས་རྒྱལ་ཀྲུང་གོའི་རིག་གནས་སྒྱུ་རྩལ་འཇོན་མིའི་ཁྲོད་དུ་ཚུད་ལ།འདི་ནི་རང་ཞིང་གི2018ལོར་ཀྲུང་གོའི་རིག་གནས་སྒྱུ་རྩལ་འཇོན་མིའི་མཛོད་དུ་ཚུད་པའི་རང་ཁུལ་གྱི་སྒྱུ་རྩལ་པ་ཐོག་མ་ཡིན།


       མཁར་བྱམས་རྒྱལ། ཕོ། བོད་རིགས།1973ལོར་མཚོ་ལྷོ་ཁུལ་མང་རྫོང་མགོ་མང་རྩྭ་ཐང་དུ་འཚར་ལོངས་བྱུང་ཞིང་།ད་ལྟ་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པའི་དམངས་གཞས་ལེན་མཁན་ཡིན་ལ། མཚོ་སྔོན་ཞིང་ཆེན་གླུ་གར་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་ལྷོ་ཁུལ་རྩོམ་རིག་མཉམ་འབྲེལ་གླུ་གར་མཐུན་ཚོགས་ཀྱི་ཚོགས་མི་ཡིན།ད་ལྟའི་བར་སྒྱུ་རྩལ་ཆེད་ལས་ཀྱི་བྱ་བ་གཉེར་ནས་ལོ25འགོར་ཞིང་། མཚོ་སྔོན་ཞིང་ཆེན་གྱི་མིང་དུ་གྲགས་པའི་གླུ་བ་ཡིན།


       མཁར་བྱམས་རྒྱལ་ཆུང་དུས་ནས་དམངས་གླུ་ལེན་རྒྱུར་ཧ་ཅང་དགའ་བས། སློབ་རའི་རིག་རྩལ་བྱ་འགུལ་སྣ་ཚོགས་ལ་ཞུགས་མྱོང་པ་དང་།ཡུན་གྱིས་དམངས་གླུ་ནི་ཁོའི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཏུ་གྱུར། ལས་ཞུགས་བྱས་རྗེས།ཁོའི་དགེ་རྒན་ནམ་མིང་དུ་གྲགས་པའི་བོད་ཀྱི་གཞས་པ་རྡོ་རྗེ་ཚེ་བརྟན་གྱི་མཛུབ་སྟོན་འོགདམངས་གླུ་ལེན་སྟངས་དང་སྒྲ་སྙན་རྡུང་སྟངས་སོགས་ལ་སློབ་སྦྱོང་བྱས་ཤིང་། རང་ཉིད་ཀྱི་འབད་བརྩོན་དང་ཉམས་མྱོང་བརྒྱུད་དེ།ཚན་རིག་དང་མཐུན་པའི་སྒྲ་གདངས་དང་དམངས་གླུའི་སྲོལ་རྒྱུན་གྱི་ལེན་སྟངས་བསྲེས་ནས་ཁྱད་འཕགས་ཀྱི་ལེན་སྟངས་གྲུབ།དེ་བས་རྒྱ་ཆེའི་མང་ཚོགས་ཀྱི་བགའ་བསུ་ཆེན་པོ་ཐོབ།


       མཁར་བྱམས་རྒྱལ་ཀྲུང་དབྱང་བརྙན་འཕྲིན་ཁང་དང་མཚོ་སྔོན་བརྙན་འཕྲིན་ཁང་། མཚོ་ལྷོ་བརྙན་འཕྲིན་ཁང་སོགས་ཀྱི་བརྙན་ལེན་དང་སྒྲ་ཕབ་བཅས་ལ་ཐེངས་མང་པོར་ཞུགས།དམངས་གླུ་ཀྱི་ཆེད་སྒྲིག་སྒྲ་ཐག11འགྲེམ་སྤེལ་བྱས་པ་དང་། དམངས་ཁྲོད་ཀྱི་འགྲན་བསྡུར་རབ་རིམ་པར་ཞུགས་མྱོང་།


       སྒྱུ་རྩལ་གྱི་ལམ་ཁར་ཞུགས་པའི་ལོ་འདི་འགའི་རིང་།མཁར་བྱམས་རྒྱལ་ལ་མཚན་སྙན་མང་པོ་ཐོབ་མྱོང་། 1996ལོར་སྐབས་དང་པོའི“གཙང་ཆུའི་མགོ་ཁུངས“ཀྱི་དབྱར་དུས་སྒྱུ་རྩལ་དུས་ཆེན་གྱི་ཞིང་ཆེན་ཡོངས་ཀྱི་བོད་རིགས་དམངས་གླུ་འགྲན་བསྡུར་ཆེན་མོའི་སྟེང་དམིགས་བསལ་བྱ་དགའ་ཐོབ།1999ལོར་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་ལག་རྩལ་སྒྱུ་རྩལ་པའི་བྱ་འགུལ་ཁྲོད་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཕུལ་བྱུང་འཁྲབ་སྟོན་པའི་བྱ་དགའ་ཐོབ།2004ལོར་གྲངས་ཉུང་མི་རིགས་ཀྱི་བརྗོད་དོན་བརྙན་འཕྲིན“རྟ་མཆོག་བྱ་དགའ”ཡི་བྱ་དགའ་ཨང་དང་པོ་ཐོབ།《བོད་ཀྱི་གཉེན་སྲོལ་ཀུན་འདུས》ཁྲོད་བརྗོད་དོན་གཙོ་ལེན་པའི་འགན་འཁུར། 2007ལོར་ཞིང་ཆེན་ཡོངས་ཀྱི་སྐབས་དང་པོའི་དམངས་གླུ“ཧི་མ་ལ་ཡའི་བུམ་པའི”འགྲན་བསྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ།2015ལོར་སྐབས་དང་པོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གདོད་མའི་དམངས་གླུ་འགྲེམས་འཁྲབ་ཀན་ལྷོའི་འགྲན་བསྡུར་རྒྱལ་ཡོངས་འགྲན་བསྡུར་ཆེན་མོའི་མཇུག་མཐའི་འགྲན་བསྡུར་ཁྲོད་མི་སྒེར་གྱི་ལེགས་སྐྱེས་བྱ་དགའ་ཐོབ།


       ཀྲུང་གོའི་རིག་གནས་སྒྱུ་རྩལ་གྱི་འཇོན་མིའི་བང་མཛོད་ནི་རྒྱལ་ཁབ་ཀྱི་རིག་གནས་འཐབ་ཇུས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་བཙུགས་པའི“འཇོན་མིའི་འཐབ་ཇུས་གྲབས་གསོག་མཛོད་ཁང”དང་།“འཇོན་མིའི་བང་མཛོད”ནང་བསྡུས་ལེན་བྱ་ཡུལ་ལ་རྩོམ་རིག་སྒྱུ་རྩལ་དང་། རོལ་དབྱངས། བརྙན་ལེན་པ།ཡིག་རིས། མི་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་སོགས་རིགས་མང་པོ་འདུས་པ་ཞིག་ཡིན། 2018ལོའི་ཟླ5བར།མཁར་བྱམས་རྒྱལ་གྱིས་རང་ཉིད་ཀྱི་སྒྱུ་རྩལ་ལམ་བུའི་གྲུབ་འབྲས་ལ་བརྟེན་ནས། 2018ལོའི་རང་ཞིང་གི་ཀྲུང་གོའི་རིག་གནས་སྒྱུ་རྩལ་འཇོན་མིའི་ཁྲོད་ཞུགས་པའི་སྒྱུ་རྩལ་པ་ཐོག་མ་ཡིན།


རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)