དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅུ་བཞི་བ་པེ་ཅིན་ནས་ཚོགས་འགོ་བརྩམས།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-05-29 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། ཀློག་གྲངས། 2504


ཟླ5བའི་ཚེས28ཉིན། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅུ་བཞི་བ་པེ་ཅིན་ནས་ཚོགས་འགོ་བརྩམས།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅུ་བཞི་བ་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་པེ་ཅིན་ནས་ཚོགས་འགོ་བརྩམས།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།ཁོང་གིས་ཀྲུང་གོ་སྟོབས་ལྡན་དུ་གཏོང་བ་དང་བསྐྱར་དར་བྱེད་དགོས་ན། ངེས་པར་དུ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཚན་རྩལ་འཕེལ་རྒྱས་སུ་གཏོང་བ་དང་།འཛམ་གླིང་གི་ཚན་རིག་ལྟེ་གནས་དང་གསར་གཏོད་གནས་གཞི་གཙོ་བོར་སྒྱུར་བར་འབད་བརྩོན་བྱེད་དགོས།རང་རྒྱལ་གྱི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་གནས་བབ་དང་གོ་སྐབས་དམ་པོར་བཟུང་སྟེ། གནད་དོན་ལ་ཁ་གཏད་འཇལ་བ་དང་དཀའ་ཁག་ལ་མི་འཛེམས་པར་འཛམ་གླིང་གི་ཚན་རྩལ་མདུན་ལྗོངས་ལ་དམ་པོར་དམིགས་ཏེ།ཚན་རྩལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྣེ་ཁྲིད་བྱེད་པ་དང་། ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས།དུས་རབས་གསར་བའི་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་མཁན་དང་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་གསུངས།

       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཅས་གྲོས་ཚོགས་སུ་ཞུགས།

       སྔ་དྲོའི་དུས་ཚོད་བཅུའི་སྟེང་ཚོགས་ཆེན་ཚོགས་འགོ་བརྩམས།ཚང་མ་ཡར་ལངས་ཏེ་རྒྱལ་གླུ་བླངས། སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་བརྡེབས་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུངས་བཤད་གལ་ཆེན་གནང་།ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་།ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅུ་བཞི་བ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་རྗེས་སུ་བསྡུས་པའི་རང་རྒྱལ་ཚན་རྩལ་ལས་རིགས་ཀྱི་ཚོགས་ཆེན་གཟབ་རྒྱས་ཤིག་ཡིན།ཞི་ཅིན་ཕིང་གིས་ངས་ཐོག་མར་ཏང་ཀྲུང་དབྱང་གི་ཚབ་བྱས་ནས་ཚོགས་ཆེན་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་།ཚང་མ་བརྒྱུད་དེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ཟེར།

       ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་རང་རྒྱལ་ཚན་རྩལ་ལས་དོན་འཕེལ་རྒྱས་ཀྱི་ལག་ལེན་ལ་སྤྱི་བསྡོམས་བྱས་ནས།གནས་བབ་ཆེན་པོར་ལྟ་ཞིབ་དང་ཁྱོན་ཡོངས་ཇུས་འགོད། བཅོས་སྒྱུར་ཟབ་སྤེལ། ཁྱོན་ཡོངས་ནས་བྱ་བར་སྐུལ་འདེད་གཏོང་བ་བཅས་བྱས་པར་མ་ཟད།ཏང་གི་ཚན་རྩལ་ལས་དོན་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་རྒྱུན་འཁྱོངས།ཀྲུང་གོའི་ཁྱད་ཆོས་ཀྱི་རང་བདག་གསར་གཏོད་བགྲོད་ལམ་རྒྱུན་འཁྱོངས། བཅོས་སྒྱུར་ཟབ་སྤེལ་དང་གསར་གཏོད་སྟོབས་ཤུགས་ཇེ་སེར་གཏོང་བ་རྒྱུན་འཁྱོངས།འཛམ་གླིང་ཚན་རྩལ་གྱི་གསར་གཏོད་དྲ་རྒྱའི་ཁྲོད་ཞུགས་པ་རྒྱུན་འཁྱོངས་བཅས་བྱས་ནས། རང་རྒྱལ་གྱི་ཚན་རྩལ་ལས་དོན་ཐད་ལ་མཆོང་སྐྱོད་ཀྱི་འཕེལ་རྒྱས་མགྱོགས་པོ་བྱུང་བར་མ་ཟད།ལོ་རྒྱུས་རང་བཞིན་དང་སྤྱིའི་རང་བཞིན། གནས་བབ་རང་བཞིན་བཅས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཟེར།

       ཞི་ཅིན་ཕིང་གིས་གསུངས་རྒྱུར།ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གིས་རྒྱལ་ཁབ་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱེད་པ་དང་།རྒྱལ་ཡོངས་ཀྱི་ཚན་རྩལ་སྟོབས་ཤུགས་དང་མཉམ་དུ། འཛམ་གླིང་ཚན་རྩལ་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོ་དམ་པོར་འཛིན་པ་དང་།འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དམ་པོར་དམིགས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཚན་རྩལ་གྱི་མཆོང་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།ཚན་རྩལ་གྱི་ཡང་རྩེར་སྙེགས་པར་བྱེད་དགོས་པར་མ་ཟད། ཡོན་ཧྲི་ཚོགས་པའི་རིག་ནུས་ཀྱི་ཁྱད་སྟོབས་མུ་མཐུད་དུ་འདོན་སྤེལ་བྱས་ནས།སྔོན་དཔག་རང་བཞིན་དང་དམིགས་རའི་རང་བཞིན། གསོག་འཇོག་རང་བཞིན་བཅས་ཀྱི་འཐབ་ཇུས་ཞིབ་འཇུག་བྱ་བ་བསྒྲུབ་སྟེ།ཆེད་ལས་ཅན་དང་འཛུགས་སྐྲུན་རང་བཞིན། སྤྱོད་གོ་ཆེ་བ་བཅས་ཀྱི་བསམ་འཆར་དང་གྲོས་གཞི་བཏོན་ནས།ཏང་དང་རྒྱལ་ཁབ་ཀྱིས་ཚན་རིག་ལྟར་འཐབ་ཇུས་འགོད་པ་དང་། དམངས་གཙོའི་སྒོ་ནས་འཐབ་ཇུས་འགོད་པ།ཁྲིམས་ལྟར་འཐབ་ཇུས་འགོད་པ་བཅས་ལ་སྐུལ་འདེད་གཏོང་དགོས་ལ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བའི་ཐད་ལ་བློ་གྲོས་དང་སྟོབས་ཤུགས་སྔར་ལས་མང་པོ་འདོན་དགོས་ཟེར།

       ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར།རྒྱ་ཆེའི་ཡོན་ཧྲི་ཡིས་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་གཟི་བརྗིད་སྲོལ་རྒྱུན་འདོན་སྤེལ་བྱས་ཏེ།བདེན་དོན་གཉེར་བ་དང་ཡང་རྩེར་སྙེགས་པའི་ཚན་རིག་གི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་།གསར་གཏོད་དང་དངོས་གཉེར་ཀྱི་རིག་གཞུང་སྤྱོད་ཚུལ་དར་སྤེལ་བྱས་ནས། རང་གི་ཕུགས་སེམས་རང་རྟོགས་སྒོས་རྒྱལ་ཁབ་འཕེལ་རྒྱས་ཀྱི་རླབས་ཆེན་ལས་དོན་ཁྲོད་བཞག་སྟེ།ཚན་རིག་ཞིབ་འཇུག་བྱ་བར་འབད་པ་བྱེད་པ་དང་། ཚན་རྩལ་ཁྱབ་ཁོངས་གལ་ཆེན་ནང་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་པར་བྱེད་དགོས་པའི་རེ་བ་བཏོན།

       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ཁ་ཤས་དང་།རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྲོས་ཚོགས་སུ་ཞུགས།

       ཀྲུང་གོ་ཚན་རིག་གླིང་གི་ཡོན་ཀྲང་པེད་ཁྲུན་ལི་ཡིས་ཚོགས་ཆེན་ལ་འགོ་འཛིན་བྱས།ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཀྲང་ཀྲིག་ཅི་ཡིས་ཚོགས་འགོ་རྩོམ་པའི་ཞུ་ཚིག་ཕུལ།

       ཚན་རིག་གླིང་དང་བཟོ་སྐྲུན་གླིང་གི་ཡོན་ཧྲི་སྟོང་གཅིག་དང་སུམ་བརྒྱ་དང་།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། དམག་དཔུང་བཅས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན།པེ་ཅིན་དུ་ཡོད་པའི་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་ཚན་རྩལ་མི་སྣ་སོགས་ཚོགས་ཆེན་ལ་ཞུགས།  །


རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)