དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> སྐྱེ་ཁམས་སྲུང་སྐྱོང་།
ཕོ་རོག
རྩོམ་པ་པོ། མི་གསལ། དུས་ཚོད། 2018-05-29 རྩོམ་ཁུངས། གངས་ལྗོངས་ཉི་གཞོན། ཀློག་གྲངས། 252

       ཕོ་རོག་གི་ལུས་ཡོངས་ཀྱི་སྤུ་མདོག་ཕལ་ཆེར་ནག་པོ་ཡིན་ཞིང་འོད་ཀྲིག་ཀྲིག་ཏུ་ཡོད་པས་ཕོ་རོག་ནག་ཆུང་ཏུ་འབོད་ཅིང་།གཤོག་སྒྲོ་གཉིས་ཀྱི་མདོག་དེ་བས་ཀྱང་ནག་པོ་ཡིན། མགྲིན་པ་དང་བྲང་ངོས་ཀྱི་སྒྲོ་སྤུ་རིང་བོར་ཡོད་ལ་སྣ་སྤུ་སྟུག་ཅིང་རིང་པོ་ཡིན་པས་ཕལ་ཆེར་མཆུ་ཏོའི་ཕྱེད་ཙམ་བཀབ་ཡོད།ཕོ་རོག་གི་མཆུ་ཏོ་དང་སྡེར་མོ། སུག་པ་སོགས་ནག་པོ་ཡིན། ཕོ་རོག་ནི་ཐུང་མོང་འདུ་ཤེས་བརྟན་པའི་བྱ་རིགས་ཤིག་ཡིན་པས་རྒྱུན་དུ་ཁྱུ་སྒྲིག་ནས་ཚང་མལ་བཅའ་བ་ཡིན།ཕོ་རོག་གི་རྣམ་རིག་ཤིན་ཏུ་གྲིམ་པོ་ཡོད་པས་མི་གམ་ཏུ་བཅར་རག་ཏུ་དེས་ཚོར་ནས་འཕུར་འགྲོ།སྟོན་དང་དགུན་གྱི་དུས་སུ་ཁྱུ་དང་ཁྱུ་བསྲེས་ནས་འཚོ་བ་རོལ་བའི་སྲོལ་ཡང་ཡོད། རི་མཐོའི་རྩྭ་ས་དང་རི་ཁུལ་གྱི་ནགས་ཁྲོད་སོགས་ཀྱི་ས་ཁུལ་དུ་མང་དུ་མཐོང་རྒྱུཡོད་ཅིང་ཁ་ཟས་གཙོ་བོ་ནི་སྲོག་ཆགས་ཤི་བའི་རོ་དང་རི་བོང་།ཨ་བྲ་། ཉ། བྱིའུ། བྱིའུ་སྒོང་། རྨིགས་པ་སོགས་དང་འབུ་སྲིན། རྩི་ཤིང་རྣམ་པ་སྣ་ཚོགས་ཀྱི་འབྲས་བུ་སོགས་ཀྱང་བཟའ་བ་ཡིན་ལ།ཕོ་རོག་ནི་མདོ་དབུས་མཐོ་སྒང་ལས་ས་ཆ་གཞན་དུའང་ཡོད་པ་རེད།


       ཕོ་རོག་དར་མ་ཞིག་གི་རིང་ཚད་ལ་ལི་སྨི་56ནས་ལི་སྨི་69ཡོད་ཅིང་ལྗིད་ཚད་ལ་ཁེ་690ནས་ཁེ་1600ཡོད།རི་སྐྱེས་ཕོ་རོག་གི་ཚེ་ཚད་སྤྱིར་བཏང་དུ་ལོ་བཅུ་ནས་ལོ་བཅོ་ལྔ་ཡིན། བྱིའུ་ཕྲུག་གི་སྐབས་སུ་ཁྱུ་སྡེབ་ནས་འཚོ་བ་རོལ་བ་དང་དར་ལ་བབས་ནས་བཟང་ཚང་སྒྲིག་ནས་འཚོ་བ་རོལ་བ་ཡིན།བཟང་ཚང་རེར་རང་གི་མངའ་ཁོངས་རེ་ཡོད་པ་ཡིན། ཕོ་རོག་ནི་ལྷ་སྒྲུང་དང་དམངས་ཁྲོད་གཏམ་རྒྱུད་སོགས་སུ་མང་དུ་འབྱུང་ཞིང་རང་རེའི་བོད་པ་རྣམས་ཀྱིས་ཕོ་རོག་ནི་དགྲ་བོའི་བྱ་ལ་ངོས་འཛིན་པས་དེ་འདྲའི་དགའ་པོ་མི་བྱེད།

       ཕོ་རོག་གི་ཚང་ནི་སྤྱིར་བཏང་དུ་སྡོང་མགོ་དང་བྲག་ངོས་སུ་སོགས་སུ་བཅོས་ཡོད་ཅིང་མཚམས་ལན་རེར་དགོན་སྡེ་སོགས་འཛུགས་སྐྲན་རྙིང་བའི་ཀ་མགོ་རུ་བཅོས་ཡོད་པའང་ཡོད།ཚང་ནི་དཀར་ཡོལ་གྱི་དབྱིབས་སུ་ཆགས་ཤིང་ཕྱི་དབྱིབས་ཞིབ་ཚགས་མིན་ལ་བོངས་ཚད་ཆེ། ནང་ངོས་ཀྱི་ཚངས་ཐིག་ལ་ཕལ་ཆེར་སྨི་1.5ཡོད།སྡོང་བོའི་ཡལ་ག་སྦོམ་པོ་སོགས་ཁུར་འོངས་ནས་བསྐྲུན་པ་ཡིན་ཞིང་ཕྱི་ངོས་ནི་སྡོང་རྩ་དང་སྡོང་ཤུན།འདམ་སོགས་ཡིན། ནང་དུ་སྒྲོ་སྤུ་དང་ཞིབ་བུར་བཏགས་པའི་སྡོང་ཤུན་སོགས་བཏིང་ནས་སྙི་མོར་བྱས་ཡོད།མོ་བྱ་གཅིག་གིས་ཐེངས་རེར་མདོག་ལྗང་ཁུ་ཐོག་ཏུ་ཁྲ་ཐིག་ཡོད་པའི་སྒོ་ང་གསུམ་ནས་བདུན་གཏོང་བ་དང་སྒོ་ང་རུམ་པའི་དུས་ཡུན་ནི་ཉིན་བཅོ་བརྒྱད་ནས་ཉིན་ཉེར་གཅིག་ཡིན།སྒོ་ང་ནི་མོ་བྱས་རུམ་པ་དང་ཕོ་བྱ་ཡིས་འགྲམ་ནས་བྱིའུ་ཕྲུག་ལ་སྲུང་སྐྱོབ་བྱེད་པ་ཡིན། བྱིའུ་ཕྲུག་སྤྱིར་བཏང་དུ་བྱ་ཚང་ནས་ཟླ་གཅིག་རིང་སྡོད་ཅིང་ཟླ་དྲུག་ལོན་ན་ཕ་མ་གཉིས་དང་བྲལ་ནས་རང་ཚུགས་ཀྱི་འཚོ་བ་རོལ།ཕོ་རོག་གི་སྒོ་ང་གཏོང་བའི་དུས་ཚོད་ནི་ཟླ་གཉིས་པ་ཡིན་ཞིང་མཁའ་དབུགས་ཅུང་འཁྱག་པའི་རང་རེའི་བོད་ཀྱི་ས་ཆ་ན་ཕེལ་ཆེར་ཟླ་བཞི་བའི་ནང་གཏོང་བ་ཡིན།


       ཕོ་རོག་གིས་ཤི་ཤ་སོགས་བཟས་ནས་ཁོར་ཡུག་གཙང་སྦྲ་ལ་མི་དམན་པའི་ནུས་པ་ཐོན་ཡོད་ཅིང་རང་རྒྱལ་གྱི་ནུབ་བྱང་ས་ཁུལ་དང་མདོ་དབུས་མཐོ་སྒང་ན་མ་གཏོགས་མེད་པས་འདབ་ཆགས་དཀོན་པོའི་རིགས་ཡིན།སྔོན་ཆད་ཤིན་ཏུ་མང་མོད། འོད་ཀྱང་ཉེ་བའི་ལོ་ཤས་ནང་སྐྱེ་ཁམས་མ་ལག་ལ་གནོད་སྐྱོན་ཐེབས་ཤིང་དུག་འཕངས་ནས་ཨ་བྲ་སོགས་བསད་པས་དེའི་ཕོ་རོག་གིས་བཟས་ནས་ད་ནི་ཧ་ཅང་ཉུང་ངུར་སྣང་ངོ་།།

       སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས།  


རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)