དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> གནས་སྐོར་མཛེས་ལྗོངས།
རྒྱལ་ཐང་ལྷ་མོ་གཡུ་མཚོར་འཆམ་འཆམ་དུ་ཕྱིན་པའི་མཐོང་ཐོས།
རྩོམ་པ་པོ། ཚེ་དོན། དུས་ཚོད། 2018-03-26 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 686

 རྒྱལ་ཐང་དགའ་ལྡན་སུམ་རྩེན་གླིང་གི་མདུན་ན་ཡིད་དུ་འོང་བའི་མཚེའུ་ཞིག་ཆགས་ཡོད་པ་དང་།   འདི་ལ་ས་གནས་དེ་གའི་མི་རྣམས་ཀྱིས་ལྷ་མོ་གཡུ་མཚོ་ཞེས་སུ་འབོད་ཀྱི་ཡོད། 
གཟའ་མཇུག་གི་དུས་ཚོད་ནང་ངེད་བཟའ་མི་གསུམ་པོ་ཡང་གནས་དེར་འཆམ་འཆམ་དུ་ཕྱིན་པ་ཡིན།  སེམས་ཀྱི་ཉི་ཟླའི་ཡུལ་འདི་རུ་ཕྱོགས་མང་པོར་གདོད་མའི་ནགས་ཚལ་གྱིས་ཡོངས་སུ་བཀང་བ་དང་། སྦག་བཙོག་གི་བསླད་པ་ཤིན་ཏུ་ཉུང་བས་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་ལ།  མཁའ་དབུགས་གཙང་མ་ཡིན།   ཏག་ཏག་ཉིན་དེར་ནམ་ཟླ་ཡང་བཟང་བས་འཆམ་འཆམ་ལ་ཕྱིན་པ་དེར་དོན་སྙིང་ཆེན་པོ་ཞིག་ལྡན་བྱུང་།  


  ལྷ་མོ་གཡུ་མཚོ་ནི་ཁུག་གཞོང་ཞིག་ན་བཟོ་བོ་མཁས་ཅན་ཞིག་གིས་ངོ་མཚར་བའི་སྒོ་ནས་བཟོས་པ་དང་འདྲ་བར་ལྷམ་མེར་འཁྱིལ་ཡོད་ཅིང་།   ཕྱོགས་བཞི་བོར་ལྕང་སྡོང་དང་གསོམ་སྡོང་།   ལྷ་ཤིང་ཤུག་པ་སོགས་ཀྱིས་བསྐོར་ཡོད།    བསྐོར་བ་ཧྲིལ་བོར་བྱེད་པར་ལམ་ཐག་སྤྱི་ལེ་གཉིས་ཡོད་པ་དང་རྐང་ཐང་དུ་འགྲོ་བར་དུས་ཚོད་སྐར་བཞི་བཅུ་ལྷག་དགོས།    མཚོ་འདི་ནི་དགོན་པའི་ཉེ་མདུན་ན་ཆགས་ཡོད་སྟབས་མཚོ་ནང་དུ་ཆུ་བྱ་དང་ངང་པ་སོགས་ཚེ་ཐར་ལ་གཏོང་མཁན་ཤིན་ཏུ་མང་།  གནོད་འཚེ་བྱེད་མཁན་མེད་པས་གང་ས་གང་དུ་བྱ་རིགས་རྣམས་བག་ཡེངས་ཀྱིས་འཚོ་ཞིང་སྐད་སྒྲ་སྣ་ཚོགས་འབྱིན།    ང་ཚོས་ཀྱང་གོ་རེ་སྙི་མོ་འགའ་འཁྱེར་ཡོད་པ་ཁོ་ཚོ་ལ་ཟས་སྐལ་དུ་བྱིན་པ་ཡིན།  

ལྷ་མོ་གཡུ་མཚོའི་ཉེ་འགྲམ་ན་དགོན་པ་ཆགས་ཡོད་པ་མ་ཟད།   སྡེ་བ་ཡང་ཆགས་ཡོད།   གནའ་བོའི་བཟོ་བཀོད་ཀྱི་དྭངས་མ་མ་ཉམས་པའི་བོད་ཁང་རེ་རེ་ནི་ལྟ་ན་སྡུག་ཅིང་།    མཚམས་དང་མཚམས་སུ་ནས་གདེང་ཡང་གང་བྱུང་དུ་མཐོང་རྒྱུ་ཡོད་པས་ཡུལ་འདི་ལ་གཞན་དང་མི་མཚུངས་པའི་མཛེས་ཉམས་ཤིག་བསྣན་འདུག   ཡང་དལ་མོས་ཕར་བསྐྱོད་པ་ན་རྫ་རི་ཡོད་ལ།   དེའི་སྟེང་དུ་མཆོད་རྟེན་ཆུང་ཆུང་ཞིག་བཞེངས་ཡོད།   ཕྱོགས་བཞི་བོར་དཀར་དམར་སེར་གསུམ་གྱི་དར་ལྕོག་འཐེན་ནས་རླུང་གི་རྒྱུ་བ་དང་བསྟུན་ནས་ཕར་གཡོ་ཚུར་གཡོ་བྱེད།  རྫ་རིའི་ཕར་ནང་ནི་ཐང་སྙོམས་པའི་ཞིང་ཁ་ཡིན།   བོད་ཕག་དང་རྟ་ནོར་རྣམས་ལ་ལ་ཉལ་ཞིང་ལ་ལ་ཟས་འཚོ་བར་བྲེལ།  
བར་མཚམས་སུ་ཐོན་པ་ན་ཆུའི་སྟེང་དུ་ཟམ་པ་བཙུགས་ཡོད་ལ།  མཚེའུ་གཞུང་ནས་རྔམ་བརྗིད་ལྡན་པའི་དགའ་ལྡན་སུམ་རྩེན་གླིང་གི་སྤྱིའི་བཀོད་པ་ལ་བལྟས་ཆོག       གནས་འདི་རུ་རང་ཡུལ་ནས་ཐོན་པའི་དད་ལྡན་པ་དང་བསྐོར་བ་བྱེད་མཁན་མང་པོ་ཡོད་པ་མ་ཟད།   ད་དུང་ཧྥ་རན་སི་སོགས་ཕྱི་ལོགས་ནས་ཕེབས་པའི་ཡུལ་སྐོར་བ་ཡང་མང་པོ་བྱུང་གི་ཡོད།   ཁོ་ཚོས་ཡ་མཚར་བ་དང་ཡིད་སྨོན་སྐྱེས་བཞིན་མཚོ་དང་དགོན་པའི་ཡུལ་ལྗོངས་པར་དུ་ལེན་བཞིན་ཡོད།  ད་དུང་གདོང་ལ་འཛུམ་མདངས་བཅང་བཞིན་ང་ཚོའི་ཕྱོགས་ལ་ལག་བརྡ་བཏང་ནས་ཁམས་བདེའི་འཚམས་འདྲི་ཡང་ཞུས་པ་ན་ང་ཚོས་ཀྱང་བཀྲ་ཤིས་བདེ་ལེགས་ཞེས་བོས་ནས་བརྩེ་སེམས་དང་གུས་ལུགས་མཚོན་པར་བྱས།  

གལ་ཏེ་དུས་ཚོད་ཀྱི་ཁོམ་ལོང་ཡོད་ན་བར་མཚམས་ནས་རིའི་སྟེང་དུ་འགོས་ཏེ་མཚོ་དང་དགོན་པ།  གྲོང་ཚོ།   ནགས་ཚལ་སོགས་ལ་ལྟད་མོ་བལྟས་ཆོག    ལམ་བར་ན་ཁེར་རྐྱང་གི་རྡོག་སྒྲ་བསྣམས་ནས་སྙན་འཇེབས་ཀྱི་རོལ་མ་ལ་གསན་མཁན་ཡོད་ལ།    ལག་ཟུང་དམ་དུ་སྦྲེལ་ནས་ངོ་ཚའི་འཛུམ་བག་སྟོན་པའི་ན་ཆུང་ཕོ་མོ་ཟུང་ཡང་འཕྲད་ཐེངས་མང་པོ་ཡོད།   བཟའ་མི་གང་བོས་བསྐོར་བ་བྱེད་མཚམས་བཞག་ནས་མཉམ་ཟ་མཉམ་འཐུང་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད།   གང་ལྟར་ལྷ་མོའི་གཡུ་མཚོའི་ཉེ་འགྲམ་ནས་མཐོ་སྒང་གི་ཉི་འོད་དང་གདོད་མའི་ནགས་ཚལ།    ཆོས་ལུགས་རིག་གནས།  བོད་མིའི་སྡོད་ཁང་།    བྱ་བྱིའུའི་སྐད་སྙན་ལ་སོགས་པའི་གནས་ཚུལ་མང་པོ་ཞིག་ལ་འདྲེས་འདྲིས་དང་རྒྱུས་ལོན་བྱས་ཆོག  


   གྲོང་ཁྱེར་ནང་ནས་འདུག་ཡུན་རིང་དྲགས་ན་ངལ་དུབ་ཀྱི་འཁེངས་ཡོང་བ་དང་།   དེ་དུས་ཕྱི་རོལ་དུ་ཡོང་ནས་རང་བྱུང་ཁམས་ལ་ལྟད་མོ་ཐེངས་ཤིག་བལྟས་པས་ཀྱང་སེམས་ལ་དགའ་སྣང་དང་གསོན་ཤུགས་མང་པོ་ཞིག་སྟེར་ཐུབ་ཀྱི་ཡོད།    ཆུ་ཚོད་ཕྱེད་ཀའི་ནང་གྲོང་ཁྱེར་ནས་དགའ་ལྡན་སུམ་རྩེན་གླིང་དུ་ཡོང་བའི་སྤྱི་སྤྱོད་རླངས་འཁོར་ཡོད།  དགོད་སྒྲ་དང་འཛུམ་མདངས།  རྩེད་མཚར་གྱི་ཀློང་ནས་ང་ཚོ་ཡང་ཕྱིར་ཁྱིམ་དུ་ལོག་པའི་ལམ་ལ་ཆས་པ་ཡིན།   གལ་ཏེ་སྐུ་མགྲོན་ཁྱེད་ཉིུད་ལ་ཡང་དུས་ཚོད་ཀྱི་ཁོམ་ལོང་དང་ཡིད་ཀྱི་སྤྲོ་བ་ཡོད་ན་འདི་གར་ཕེབས་ནས་སྤྲོ་གསེང་བྱོས་དང་ཡིད་འོང་ཉམས་དགའི་གནས་མཆོག་འདིས་ཁྱེད་ལ་སྤྲོ་སྣང་མི་ཉུང་བ་ཞིག་སྟེར་ཐུབ་པར་ང་ལ་ཡིད་ཆེས་ཡོད།   

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)