རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-24   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།
རྩོམ་པ་པོའི་གཏམ།
བདག་གིས་སྙན་ངག་ལ་བཀའ་དྲིན་ཞུ་འོས། སྒྱུ་རྩལ་གྱི་མེ་ལོང་ལས་བྱིས་དུས་ཀྱི་རང་ཉིད་ལ་ཅེར་བ་ཡིན་ན་འཚོ་བའི་ནང་གི་ཕ་འཛོམས་མ་འཛོམས་ཀྱི་བྱིས་པ་དེ་ཅི་ལྟའི་བདེ་སྐྱིད་དང་ལྡན་པ་ཞིག་ཡིན་ནའང་། རྒྱབ་ལྗོངས་ཆེན་པོ་ཞིག་གི་མཐའ་ནས་རུབ་པའི་བྱེ་བྲག་གི་དྲན་པ་དེ་དག་ཧ་ལམ་ད་ལྟ་ངས་མྱོང་ཐབས་མི་འདུག
ལོ་ན་གསུམ་བཞིའི་དུས་ནས་བཟུང་སྟེ་ཕ་ལགས་ཀྱི་རུམ་ལ་འཛུལ་ནས་ཁོང་གིས་སློབ་བུ་དག་ལ་སངས་རྒྱས་ཀྱི་སྐྱེས་རབས་ཁྲིད་པའི་དྲན་པ་དེ་ཙམ་ཞིག་ད་དུང་ཡང་བག་ཆགས་ཀྱི་ས་ཁྲ་ངོས་སུ་སེར་ཁ་ནང་བཞིན་སིམ་ནས་ཡོད།
བདག་གི་བྱིས་དུས་ཀྱི་འཚོ་བ་ནི་རྒན་པ་དག་གིས་སྡུག་བསྔལ་དུ་བརྗོད་ཅིང་ད་ལྟའི་བྱིས་པ་དག་གིས་ཡིད་སྨོན་བྱེད་སའི་ཁེར་ཧྲེང་གི་འཇིག་རྟེན་ཞིག་སྟེ། རོང་མ་འབྲོག་གི་འཚོ་བ་དེའི་ཁྲོད་དུ་ཞིང་ལས་ཕུད་འབྲོག་ལས་ཀྱང་ཡོད་པས། ང་ལ་མཚོན་ན་དྲན་པའི་ཆུ་རྒྱུན་ནི་གཙང་བོ་ཞིག་ཏུ་དཔེ་འཇོག་ཐབས་མེད་པར་དཀར་ནག་གཉིས་རྐྱ་འཐབ་པའི་མདོག་མེད་བརྙན་འཕྲིན་ཞིག་དང་དབྱེར་མེད་པར། ཁ་དོག་མེད་པའི་ངམ་གནག་གི་འཇིག་རྟེན་དེ་རུ་ད་གཟོད་ངའི་གཉིད་ལ་ཤོར་བའི་དྲན་པ་དེ་ལུས་ཡོད།
རྩོམ་འབྲི་མཁན་ཞིག་ལ་མཚོན་ན་དྲན་པ་ནི་རིག་པའི་གཏེར་མཛོད་དེ། མེས་པོའི་ངག་གི་བཤད་རྒྱུན་དང་། འཚོ་བའི་གོམས་པ་དེ་དག་གིས་ད་ལྟའི་བདག་ཟེར་བ་འདི་བཞེངས་བསྐྲུན་ཐུབ་པ་ཞིག་ཡིན་ནའང་། ལོ་ན་བཅུ་གསུམ་ནས་བཟུང་ཡུལ་གྱར་བའི་བརྟུལ་ཞུགས་བཟུང་སྟེ་ཕ་ཁྱིམ་དང་རིང་བར་གྱེས་པ་དེ་ཡིས་ང་ཚོ་ལྷིང་འཇགས་ཀྱི་ཕོ་བྲང་ཞིག་ནས་ཟང་ཟིང་གི་གྲོང་ཁྱེར་ཞིག་ལ་ཐོན་པ་ནང་བཞིན་སྐྱེ་རྒ་ན་འཆི་དང་། བརྩེ་བ་དང་འདོད་པ། ཞེ་ཁྲེལ་སོགས་སྔ་མ་དང་གོ་ལྡོག་ཅིང་སྟེང་ལྷ་རབས་ཀྱི་གཏམ་རྒྱུད་ལ་ཉན་སྤྲོ་བའི་རྣ་བ་དེ་ཡང་ཟངས་ཀྱི་དུང་ཙེ་ཞིག་གིས་ཤན་ནས་བྱུང་།
སྤྱིར་ན་འཆད་ཉན་སློབ་སྦྱོང་གི་སྐལ་བ་དེ་དག་ནི་གླེང་རི་ཞིང་མི་ཚེའི་མདུན་ལམ་གལ་ཆེན་ཞིག་ཏུ་བརྗོད་ཆོག་ནའང་། ལམ་གྱི་སྐུད་པ་ཐག་སྣེར་དྲུད་ཅིང་། རྐང་བ་སྒྱུ་འཕྲུལ་གྱི་ཚལ་ལ་སྤོས་ཏེ་སྒྱུ་རྩལ་གྱི་བློ་གཤོག་བསྐྱེད་པ་ནས། བསྐྱར་ཟློས་ཅན་གྱི་ལོ་ཟླ་དེ་དག་ནི་རྒྱུན་བུ་གཅིག་ལ་བརྒྱུས་པའི་ཕྲེང་རྡོག་རེ་རེ་དང་འདྲ་བར་རོ་བཅུད་ཕུན་སུམ་ཚོགས་པ་ཞིག་མ་ཡིན་པ། ད་ལྟ་དྲན་པའི་རབ་ཁ་ན་ལྷེམ་པ་དེ་དག་ཀྱང་དྲན་རྟེན་གྱི་འདྲ་པར་རེའམ་ཡང་ན་འཛུམ་མདངས་མེད་པའི་ངོ་གདོང་དག་སྟེ། མིག་ཁའི་འཚོ་བ་འདི་དང་གཉིས་སུ་མེད། དེ་བས་རང་ལ་བག་ཆགས་ཀྱི་ས་བོན་སྐྱེད་རྒྱུ་བྱུང་བའི་དུས་སྐབས་ནི་ཧ་ཅང་ལྐོག་ཏུ་གྱུར་བ་ཞིག་སྟེ། རང་ལོ་བཅོ་བརྒྱད་སྟེང་སློབ་གྲྭའི་སྒོ་ཐེམ་བརྒལ་རྗེས་སུ་སྤྱི་ཚོགས་སྒང་ལ་གོམ་པ་དང་པོ་སྤོས་པའི་རྣམ་འགྱུར་དེས་ལན་འདུག་པ། ལོ་དེར་ངའི་ཨ་ནེ་ཆུང་བས་ང་ལ་མོས་གཉེར་གྱིན་པའི་ཆང་ཁང་ག་གེ་མོའི་སྦྱིན་བདག་གི་འགན་སྤྲད་པར། གླིང་ཀའམ་ཆང་ཁང་དེ་ལས་ངས་གྲོང་ཁྱེར་དེའི་ནང་གི“མྱི་འཁྱམ”ཕལ་ཆེ་བ་ཞིག་ངོ་ཤེས་ཤིང་། མི་དེ་དག་གི་ཀུན་སྤྱོད་དང་སེམས་ཁམས། འཚོ་གནས་ལ་སོགས་པས་ང་ལ་དངོས་ཡོད་ཀྱི་འཇིག་རྟེན་འདིའི་ཕྱི་ལོགས་སུ་འཇིག་རྟེན་གཞན་ཞིག་ཡོད་པ་ར་འཕྲོད་བྱུང་། མི་དེ་དག་གི་ཁྲོད་དུ་རྐུན་མ་དང་སྨད་འཚོང་མ་ཡོད་ཅིང་། ཐ་ན་དུག་རྫས་ལོངས་སུ་སྤྱོད་མཁན་ཡང་ཡོད་པར་བརྗོད། མི་དེ་དག་གི་འཚོ་བ་དང་ཕུགས་བསམ་ནི་ངའི་དྲན་པའི་རལ་གྲི་ལ་རྣོ་སྟེར་མཁན་གྱི་སག་རྡར་ཇི་བཞིན་ལྷིང་ངེར་བཏོན་འོང་བ། འགའ་ཞིག་འགལ་རྐྱེན་གྱི་དབང་གིས་དང་། ཐ་ན་རང་སྲོག་རང་ལྕེབ་ཀྱིས་འདས་གྲོངས་སུ་གྱུར་བ་དེ་དག་གིས་ང་ལ་འཆི་བ་དང་ཉེ་བར་འབྲེལ་བའི་མཚན་ཉིད་རིག་པའི་བློ་མིག་རྒྱས་སུ་བཅུག་ཅིང་། ཟབ་ཡངས་རྒྱ་མཚོའི་འཇིངས་ལྟར་དཔག་དཀའ་བའི་སྤྱི་ཚོགས་འཚོ་བ་ཟེར་བ་ནི་ཞུགས་འདོད་པ་ཙམ་གྱིས་ཞུགས་དང་ཆོག་པ་ཞིག་མ་ཡིན་པར། དེ་ལ་རྒྱུ་རྐྱེན་རྟེན་འབྲེལ་གྱི་བདག་རྐྱེན་ཞིག་ངེས་པར་འཛོམ་དགོས་སྙམ་བྱུང་ལ། དེ་དག་ཡི་གེའི་གཟུགས་སུ་འགོད་པ་ལ་ཕྱི་རོལ་འཇིག་རྟེན་ཁོ་ན་འབྲི་འགོད་བྱས་པ་ཙམ་གྱིས་མི་ཡོང་བར་བསམ་བློའི་གཏིང་ཟབ་ཏུ་གནས་པའི་རྟོག་པའི་འགུལ་སྐྱོད་ཀྱི་རྟ་ཁ་ཟིན་དགོས་པ་རྟོགས།
སྟོང་ལོ་གཉིས་པ་ཚེས་ཚུན་དུ་ང་རང་འབྲོག་ལྗོངས་ཆེན་པོ་ཞིག་ཏུ་དགེ་རྒན་གྱི་ལས་ཀ་གཉེར་དུ་ཆས། འཁོས་ཀ་དང་ཁེར་ཧྲེང་། ས་མཐར་ལྷུང་བའི་སེམས་པ་དག་སྐབས་དེ་དུས་སྨུག་པ་བཞིན་འཐིབ་ཡོད་ནའང་། འབྲོག་ལྗོངས་ཆེན་པོ་དེ་རུ་འཚོ་བ་རོལ་བའི་མི་ལོ་ལྔ་བོ་དེ་ངའི་མི་ཚེ་ནང་བཞིན་དྲན་ནས་རྫོགས་རྒྱུ་མེད་པ་ཞིག་རེད། འབྲོག་ལྗོངས་ཆེན་པོ་དེའི་འདས་མ་ད་གསུམ་གྱི་རླབས་གཉེར་ཁྲོད་བསྐུངས་པའི་ཐ་སྙད་ཆེན་པོ་གསུམ་སྟེ། བུད་མེད་དང་གཙང་པོ། ཁེར་རྐྱང་གསུམ་གྱིས་ང་ལ་སྙན་ངག་བྲི་བའི་འདོད་པ་དེ་བསླངས། དེ་ལྟར་ནའང་། ཐ་སྙད་དེ་དག་རང་ཉིད་ཅན་དུ་གྱུར་བའི་མཇུག་འབྲས་ནི་ཁེར་རྐྱང་ཞིག་སྟེ། དུས་དེ་ནས་བཟུང་ང་རང་གཞན་གྱི་འཚོ་བ་དང་མི་འདྲ་བའི་ལོངས་སྤྱོད་ཅིག་ལ་དབྱིངས་ཞུགས་ཤིང་། སྙན་ངག་འབྲི་བ་དེ་ལས་ཀ་ཆེས་ཡག་ཤོས་ཤིག་ཏུ་ཡིད་ཆེས་རྙེད།
དེ་ལྟར་ནའང་། ཨེ་ལོ་ཐི་ཡིས་སྙན་ངག་གསར་རྩོམ་གྱི་བགྱི་བ་ནི་ཟུངས་ཁྲག་སྣག་ཚ་རུ་བསྒྱུར་བའི་གོ་རིམ་ཞིག་ཏུ་བརྗོད་པ་དེ་བཞིན་ཡིད་བརྙན་བཞེངས་བསྐྲུན་དང་སྐད་ཆའི་གཏེར་ཁ་སྔོག་རྒྱུ་དེ་ལས་སླ་མོ་ཞིག་མ་ཡིན་ཞིང་། འཚོ་གནས་དང་ཚེ་སྲོག་གི་ངོ་བོར་བག་ལ་ཞ་བའི་སེམས་ཁམས་དེའི་དབང་གིས་སྙན་ངག་ནི་བདག་འཛིན་དུ་མེད་པ་ཞིག་དང་། སྙན་ངག་པ་ནི་ལས་ཀྱི་བྱེད་པོས་མི་ཡུལ་ལ་མངགས་པའི་བཟོ་པོ་དག་སྟེ། དེས་རྣམ་ཤེས་ལ་ཕབ་རྩི་འབྱུག་གིན་བྱེད་པོ་རང་ཉིད་ཀྱི་བསམ་བཀོད་ལས་འདས་པའི་ལྗོངས་སྣང་གཞན་ཞིག་འབྲི་འགོད་བྱེད་ཀྱིན་པར་ངེས་ཤེས་འདྲོང་དུ་བཅུག
དུས་སྐབས་དེ་ནས་བཟུང་ཤོག་བུ་དང་སྨྱུ་གུ་གཉིས་ཉི་ཟླ་གཉིས་ཀྱི་དོད་ལ་བཞག་སྟེ་མི་ལོ་ག་འདྲ་ཞིག་ལ་ཉིན་མཚན་གྱི་དབྱེ་བ་མེད་པར་སྙན་ངག་བྲིས་ཤིང་། འཇིག་རྟེན་གྱི་བྱ་དངོས་ཀུན་ལ་མིང་གསར་པ་རེ་འདོགས་རྒྱུའི་ཧམ་སེམས་བཅངས།
སྙན་ངག་ལ་དགའ་བའི་འདུན་པ་དེ་ཡི་དབང་གིས་བྷོ་ཏི་ལེར་དང་ཕ་སི། ཐི་ལང་སོ་ཐྲི་རའོ་མེར། པའེ་ཏའོ་སོགས་ཐ་སྙད་ཀྱི་བཞུར་རྒྱུན་ཁྲོད་བསྐུངས་པའི་ཡིད་ཀྱི་ཇག་པ་མང་པོ་ཞིག་ངོ་ཤེས་ཐུབ་ཅིང་། བླ་མེད་ཀྱི་སྐྱེས་བུ་འདི་དག་གི་ཤེས་རབ་ཀྱི་ཁ་རླངས་ཀྱིས་ང་ཚོའི་འཆི་བ་ཞུགས་པའི་རྒྱུད་མང་གི་སོ་སྒྲ་འཁྱག་པས་བསྡམས་ཤིང་། འཛིན་ཡིག་མེད་པའི་ཡི་གེ་དག་མགོ་རྟིང་སློག་གིན་ཚིག་མཛོད་ཁྲོད་རྙེད་དུ་མེད་པའི་ཐ་སྙད་གསར་པ་མང་པོ་ཞིག་རྗེས་རབས་པའི་མིག་ཁར་སྐར་ཚོགས་བཞིན་བཀྲམ་པ་ལ། ད་གཟོད་བདག་གིས་ཧམ་པའི་རྐྱལ་བ་ཆུ་ལ་སྐྱུར་བཞིན་ང་ཚོ་ལ་དབང་ངེས་ཀྱི་སྣང་བའི་རྟ་དང་གླང་བོ་ཡི་ཚོགས་རྣམས་ཟངས་ཀྱི་མེ་ལོང་ནང་གི་བྱེ་མའི་མཚོ་ངོགས་སུ་འདེད་པར་བརྩམས་པ་ཡིན།
དེ་ལྟར་ཆར་བ་ཆར་བ་མ་ཡིན་ལ། རྨི་ལམ་རྨི་ལམ་མ་ཡིན་པའི་ཞིང་ཁམས་གཞན་ཞིག་གི་མི་ཁོམ་པའི་བདག་པོར་ཨུ་ཚུགས་ཀྱིས་བསྙེགས་ཀྱིན་སྔ་མར《རྣམ་ཤེས་གསར་པའི་དཀྲོལ་སྒྲོག་རོལ་དབྱངས》ཞེས་པའི་དེབ་ཅིག་དང་། ད་ལམ《ཕོ་ཨ་ལོང་། ཕོ་ཨ་ལོང》ཞེས་པའི་དེབ་ཅིག་མི་ཡུལ་ལ་ཟས་རིན་ཙམ་དུ་ཕུལ་བ་ལགས་མོད་ཀྱང་། དུས་ཀྱི་ཟོ་ཆུན་ཁྱུད་མོའི་ཁུགས་ལ་བཅུས་པའི་ལྗོངས་སྣང་དེ་དག་འཚོ་བའི་ཡུར་བུ་སོགས་ལ་དྲངས་རྗེས་སྣོད་ཅ་དག་སླར་ཡང་སྟོང་ཤིག་ཤིག་ཏུ་འགྲོ་བ་དེ་བཞིན་སེམས་ཀྱི་བྲིས་རིས་དག་དེབ་ཅིག་ཏུ་བཟོ་བ་ནི་ཡང་བསྐྱར་ལམ་ལ་ཆས་པ་དང་འདྲ་བར་ལག་པ་སྟོང་ཤིག་ཤིག་གི་འཇིགས་སྣང་རེ་བསྐྱེད་ཡོང་ཕྱིར། ང་རང་ཡང་བསྐྱར་ལམ་དུ་བདོག་པ་ལ་ཤིན་ཏུ་ཞེ་འཚེར།
གང་ལྟར། གསལ་བྱེད་སུམ་ཅུའི་རྟ་བོར་དབྱངས་བཞིའི་སྒ་ཆ་སྤྲས་ཏེ་རྩོམ་རིག་གི་རྟ་རྒྱུག་ར་བ་འདི་ལ་ཞུགས་ཉིན་ནས། བདག་གིས་རྩོམ་རིག་ལ་བཅངས་པའི་བརྩེ་བ་དེ་ཡབ་མེས་ལ་བཅངས་པའི་བརྩེ་བ་ནང་བཞིན་དང་། སྙན་ངག་ལ་བཟུང་བའི་རྣམ་འགྱུར་དེ་ལ་འགྱུར་བ་བྱུང་མྱོང་མེད་པས། ཐེངས་འདིའི་སྙན་དེབ《ཕོ་ཨ་ལོང་། ཕོ་ཨ་ལོང》ནི་བདག་ལ་མཚོན་ན་སྙན་ངག་གི་དག་ཞིང་སྟེ། སྨྲ་བསམ་བརྗོད་འདས་ཀྱི་ཡིད་ཀྱི་ལྗོངས་སྣང་ཞིག་ཡིན་ཞེས་སྨྲ་བར་སྤོབས་སོ། །
མཐར་ཡིད་བརྙན་གྱི་མཁར་རྫོང་འདི་བཞེངས་བསྐྲུན་བྱེད་པ་ལ་དངོས་བརྒྱུད་གང་རུང་ནས་བདག་ལ་མཐུན་འགྱུར་གྱི་རོགས་རམ་དང་རྒྱབ་སྐྱོར་གནང་མཁན་གྱི་སྡེ་ཚན་དང་མི་སྣ་དག་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག བོད་ཀྱི་རྩོམ་རིག་མི་ཉམས་གོང་དུ་འཕེལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། །
2024ལོའི་ཟླ6པའི་ཚེས4ཉིན་རེབ་གོང་དུ།
རེ་རྐང་གླིང་།
དངོས་མིང་ལ་རྡོ་རྗེ་ཚེ་བརྟན་ཟེར། མདོ་སྨད་རེབ་གོང་བྱང་ཆུབ་སྡེ་བའི་མི། བོད་ཡིག་ཚགས་པར་ག་གེ་མོའི་གཙོ་སྒྲིག་པ་དང《རང་གྲོལ》དུས་དེབ་ཀྱི་གཙོ་སྒྲིག་པ། སྔ་ཕྱིར་སྒྱུ་འཕྲུལ་སྒྲུང་ཐུང་དེབ《བར་སྣང་གི་མགོ་འཁོར་ཕོ་བྲང》དང་། སྙན་དེབ《རྣམ་ཤེས་གསར་བའི་དཀྲོལ་སྒྲོག་རོལ་དབྱངས》སོགས་དེབ་ལྔ་པར་དུ་བསྐྲུན་ཡོད། མི་རིགས་རྩོམ་རིག་གི་ལོ་འཁོར་བྱ་དགའ་དང་མཚོ་སྔོན་ཞིང་ཆེན་གྱི་ན་གཞོན“རྩོམ་རིག་སྐར་ཆེན”གྱི་བྱ་དགའ། གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་། བརྩམས་ཆོས་འགའ་རེ་རྒྱ་ཡིག་དང་དབྱིན་ཡིག ཧྥ་རན་སེ་དང་ཉི་ཧོང་གི་སྐད་དུ་ལོ་ཙཱ་བྱས་ཡོད། །