ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སིའི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-07   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སིའི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་ནས་ལོ་སིའི་ཏང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཟུར་པ་ཁན་ཏའེ་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ་དང་བློ་མཐུན་ཁན་ཏའེ་ཡི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲིའང་ཞུས་པ་རེད། ནང་དོན་ཆ་ཚང་སྟེ།

    ལོ་སིའི་ཏང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཟུར་པ་བློ་མཐུན་ཁན་ཏའེ་སྟབས་མ་ལེགས་པར་སྐུ་གཤེགས་པར་ངས་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ཀྱི་ཚབ་ཞུ་བ་དང་སྦྲགས་རང་ཉིད་ཀྱི་མིང་ཐོག་ནས་ལོ་སིའི་མི་དམངས་གསར་བརྗེ་ཏང་དང་། ལོ་སི་སྲིད་གཞུང་། ལོ་སིའི་མི་དམངས་བཅས་ལ་བློ་མཐུན་ཁན་ཏའེ་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུ་རྒྱུ་དང་བློ་མཐུན་ཁན་ཏའེ་ཡི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན།

བློ་མཐུན་ཁན་ཏའེ་ནི་བློ་བརྟན་འགྱུར་མེད་ཀྱི་གུང་ཁྲན་རིང་ལུགས་པ་ཞིག་དང་། ལོ་སིའི་ཏང་དང་རྒྱལ་ཁབ་ཀྱི་ཕུལ་ཏུ་བྱུང་བའི་འགོ་ཁྲིད་པ་རྒན་གྲས། ཀྲུང་གོའི་ཏང་དང་མི་དམངས་ཀྱི་སྙིང་ཉེ་བའི་བློ་མཐུན་དང་གྲོགས་པོ་བཅས་རེད། ལོ་སིའི་གསར་བཅོས་བྱ་གཞག་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་ཚེ་གང་ལེགས་སྐྱེས་ཕུལ་བ་དང་ཀྲུང་གོ་དང་ལོ་སིའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་བློ་མཐུན་ཁན་ཏའེ་ལ་ནམ་ཡང་དྲན་གསོ་བྱེད་ངེས་ཡིན།

    ཀྲུང་གོ་དང་ལོ་སི་ནི་རི་ཆུ་འབྲེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། བློ་མཐུན་ཡག་པོ། རོགས་ཟླ་ཡག་པོ་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ལོ་སིའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་སྲ་བརྟན་དང་དར་སྤེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ལོ་སི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ལོ་སིའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་དེ་བཞིན་རང་སོ་སོའི་སྤྱི་ཚོགས་རིང་ལུགས་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་སྔར་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཐུང་ལུན་གྱིས་འགོ་ཁྲིད་གནང་བའི་ལོ་སིའི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལོ་སིའི་ཏང་དང་རྒྱལ་ཁབ་འཛུགས་སྐྲུན་བྱ་གཞག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་སྔར་བས་ཆེ་བ་ཐོབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན།

    བློ་མཐུན་ཁན་ཏའེ་ཇི་སྲིད་བར་དུ་མི་ནུབ་པར་གྱུར་ཅིག