རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ12པའི་ཚེས8ཉིན།སེམས་ཀྱི་ཉི་ཟླའི་སྟག་མཆོང་གྲོག་རོང་གི་མཆོང་རྒྱུག་འགྲན་བསྡུར་སྐབས་དང་པོ་དེ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་མཐོ་ལམ་གྱི་རྐང་ཐང་ལམ་ཐིག་དུ་སྤེལ་བ་དང་།བྱེད་སྒོའི་ནང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་བྱེས་བགྲོད་དང་རྐང་ཐང་མར་བསྐྱོད་རྒྱུར་དགའ་པོ་བྱེད་མཁན་བརྒྱ་ཕྲག་ཁ་ཤས་ཞུགས་ཡོད་པ་རེད།
སྟག་མཆོང་གྲོག་རོང་མཐོ་ལམ་གྱི་རྐང་ཐང་ལམ་ཐིག་དེ་གོ་ལ་ཧྲིལ་པོའི་རྐང་ཐང་ལམ་ཐིག་ཆེན་པོ་བཅུའི་གྲས་ཤིག་དང་ཀྲུང་གོའི་གྲོག་རོང་མཛེས་ཤོས་བཅུ། དེ་བཞིན་ལུས་རྩལ་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་ཞིག་ཡིན་པའི་ངོས་ནས་དེའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་ལ་བརྟེན་ནས་གང་སར་སྐད་གྲགས་ཆོད་པ་དང་དུས་མཚུངས་ལུས་རྩལ་ཡུལ་སྐོར་རིག་གནས་ཀྱི་ནང་དོན་ཟབ་མོ་ཡང་གསོག་འཇོག་བྱས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་མཆོང་རྒྱུག་འགྲན་བསྡུར་གྱི་ལམ་ཐིག་ཇུས་འགོད་བྱས་པ་ཧ་ཅང་ལེགས། བདམས་ཐོན་པ་རྣམས་ཀྱིས་མཐོ་ལམ་གྱི་རྐང་ཐང་ལམ་ཐིག་བརྒྱུད་ནས་ཕན་ཚུན་རྗེས་སྙེག་དང་།ལམ་ཧྲིལ་བོར་གྲོག་རོང་དང་ནགས་ཚལ།ཆུ་ཕྲན་བཅས་བརྒལ་ནས་སྟག་མཆོང་གྲོག་རོང་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་།ལམ་རྒྱུད་དུ་བཙུགས་པའི་མཁོ་སྤྲོད་ས་ཚིགས་ཀྱིས་བདམས་ཐོན་པ་ཚོར་དངོས་ཟོག་གི་འགན་ལེན་འདང་ངེས་མཁོ་འདོན་བྱས་པ་དང་བདེ་འཇགས་ལྡན་པའི་ཕྱི་རོལ་གྱི་དོ་དམ་ལས་སྟེགས་ཀྱི་བརྒྱུད་རིམ་ཧྲིལ་པོར་སྲུང་སྐྱོང་བྱས་ཏེ་འགྲན་བསྡུར་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད།
ཐེངས་འདིའི་འགྲན་བསྡུར་ནི་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་སྟག་མཆོང་གྲོག་རོང་ཡུལ་སྐོར་གཉེར་སྐྱོང་ཚད་ཡོད་ཀུང་སི་དང་པེ་ཅིང་སི་ཁེ་ལི་ལུས་རྩལ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་མཉམ་འབྲེལ་ཐོག་གཉེར་བ་རེད།འགྲན་བསྡུར་གཙོ་གཉེར་ཕྱོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་བྱེད་སྒོའི་ནང་བདམས་ཐོན་པ་དང་ཡུལ་སྐོར་བ་མང་པོ་ཞིག་ས་གནས་དེ་གའི་བཟའ་བཏུང་དང་ཞག་སྡོད། འགྲིམ་འགྲུལ་སོགས་འབྲེལ་ཡོད་ཐོན་ལས་དར་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད། དེ་དང་ཆབས་ཅིག་སྟག་མཆོང་གྲོག་རོང་དང་དེ་བཞིན་སེམས་ཀྱི་ཉི་ཟླའི་སྐད་གྲགས་ཆོད་ཚད་དང་སྙན་གྲགས་ཀྱང་སྔར་བས་ཆེ་རུ་ཕྱིན་ནས་ས་ཁོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་བར་མཐོངས་གསར་པ་བཏོད་ཡོད་ཅེས་བཤད་བྱུང་།འབྲེལ་ཡོད་འགན་འཁུར་བས་མ་འོངས་པར།སྟག་མཆོང་གྲོག་རོང་གི་ལུས་རྩལ་ཡུལ་སྐོར་སྤུས་རྟགས་རྒྱུན་མཐུད་ངང་གཏོད་པ་དང་ཁྱབ་གདལ་བཏང་བ་དང་ཆབས་ཅིག“འཛམ་གླིང་གི་སེམས་ཀྱི་ཉི་ཟླའི”སྤུས་རྟགས་དང་དེ་བཞིན་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྒུལ་ཤུགས་ཆེན་པོ་བསྣན་རྒྱུ་དང་“ལུས་རྩལ་+བློ་གྲོས་+ཡུལ་སྐོར”གྱི་རྣམ་པའི་ཐོག་ནས་ཀྱང་སེམས་ཀྱི་ཉི་ཟླའི་ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་རོགས་རམ་བྱ་རྒྱུ་ཡིན་པ་རེད་ཅེས་བཤད་བྱུང་།