རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-01   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་གནང་ནས་གསུང་བཤད་གལ་ཆེན་གནང་བ།
ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཞུགས་པ་དང་། ཚའེ་ཆི་ཡིས་གཙོ་སྐྱོང་གནང་བ།
ཟླ་9ཚེས་29ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་གནང་ནས་གསུང་བཤད་གལ་ཆེན་གནང་བ།
ཟླ་9ཚེས་29ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་ལྷན་བཞུགས་སྐུ་པར་བསྐྱོན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་གྱི་སྔ་དྲོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་གནང་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རླབས་ཆེན་དུས་རབས་ཀྱིས་དཔའ་བོ་རེ་འབོད་དང་དཔའ་བོ་སྐྱོང་བཞིན་ཡོད། དཔའ་བོ་གཅིག་རྗེས་གཉིས་མཐུད་ཐོན་པ་ལས། ཏང་དང་མི་དམངས་ཀྱི་བྱ་གཞག་དར་རྒྱས་གོང་འཕེལ་དང་ནམ་ཡང་ཉམས་པ་མེད་པར་འགྱུར་ངེས་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དཔའ་བོ་དཔེ་བཟང་ཚོར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་དཔའ་བོར་བརྩི་བཀུར་དང་། དཔའ་བོར་སློབ་སྦྱོང་། དཔའ་བོ་བརྩོན་ལེན་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། གཟེངས་བསྟོད་ཐོབ་མཁན་བློ་མཐུན་ཚོས་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ནས་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད།
ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོར་ཞུགས་པ་དང་། ཚའེ་ཆི་ཡིས་གཙོ་སྐྱོང་གནང་བ་རེད།
ཆུ་ཚོད་9པ་ཡོལ་ཙམ་ལ། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་ལྷན་དུ་གུས་མཚོན་རླངས་འཁོར་ལ་བཞུགས་ཏེ་བཞུགས་གནས་ནས་ཐོན་པ་དང་། གུས་མཚོན་སྦག་སྦག་རུ་ཁག་གིས་མི་དམངས་ཚོགས་ཁང་ཆེ་མོར་སྲུང་སྐྱེལ་ཞུས་པ་རེད། མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་དུ་གུས་དམག་རྣམས་གཞོགས་གཉིས་སུ་ཀྲོང་ངེར་ལངས་ཡོད་པ་དང་གཞོན་ནུ་ལོ་ཆུང་ཚོས་སྤྲོ་སེམས་འཁོལ་བའི་དགའ་འབོད་དང་གུས་འདུད་ཞུས་པ་རེད། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་ས་གདན་དམར་པོ་བརྒྱུད་རྡོ་སྐས་འཛེགས་ནས་མི་དམངས་ཚོགས་ཁང་ཆེ་མོར་བསྐྱོད། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་དང་གཟི་བརྗིད་མཚན་སྙན་གྱི་གཟེངས་བསྟོད་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་ཀྱིས་ཁོང་ཚོར་ཕེབས་བསུ་ཞུས་པ་རེད།
ཆུ་ཚོད་9དང་སྐར་མ་58ལ། སྤྲོ་སྣང་ལྡན་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད། ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་ལྷན་དུ་ཚོགས་རར་ཕེབས་སྐབས་ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
ཆུ་ཚོད་10པ་ཏག་ཏག་ལ། དམག་མིའི་རོལ་ཆ་ཚོགས་པས་མཛད་སྒོའི་དུང་བརྡ་བཏང་བ་དང་སྦྲགས་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད། 《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་བ་དང་བསྟུན་ཚོགས་ར་ཡོངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
ཚའེ་ཆི་ཡིས་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་གནང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་སྒྲོག་སྦྱང་གནང་ཞིང་། ཀྲུའུ་ཞིའི་བཀའ་རྒྱའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོ་གསར་པ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན་ཕུལ་བྱུང་གི་བྱས་པ་ཅན་དང་དཔེ་བཟང་ལ་གཟེངས་བསྟོད་གཟབ་རྒྱས་བྱེད་པ། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱ་ཆེད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཅིག་པའི་གཏན་འབེབས་གཞིར་བཟུང་། ཝང་ཡུང་ཀྲི་སོགས་མི་4ལ“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”དང་། ཏིར་མཱ·ལོ་སའེ་ཧྥུའུ་ལ“མཛའ་གྲོགས་བྱས་རྗེས་གཟེངས་རྟགས” ཝང་ཞའོ་མུའོ་སོགས་མི་10ལ་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་བཅས་སྤྲོད་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
དར་ཆ་སྒྲེང་མཁན་གཉིས་ཀྱིས་སྐར་ལྔའི་དར་དམར་མཐོན་པོར་སྒྲེང་བ་དང་། གུས་དམག་གསུམ་གྱིས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་། མཛའ་གྲོགས་བྱས་རྗེས་གཟེངས་རྟགས། རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་གཟེངས་རྟགས་བཅས་ལག་ཏུ་ཁྱེར་ནས་གོམ་སྟབས་བརྟན་པོས་མཛད་སྒོ་འཚོག་ཡུལ་དུ་བསྐྱོད་པ་རེད།
བརྗིད་ཉམས་ལྡན་པའི《མེས་རྒྱལ་གྱི་དཔའ་བོར་གུས་འདུད་ཞུ》ཞེས་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་གནང་བ་དང་འབྲེལ། ཁོང་ཚོར་བྱམས་བརྩེའི་ངང་ཕྱག་བཏང་ནས་རྟེན་འབྲེལ་ཞུས་པས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིས་བྱས་པ་ཅན་དང་དཔེ་བཟང་བར་མེ་ཏོག་སོས་པ་ཕུལ་ནས་གུས་འདུད་ཞུས་པ་རེད།
ཚོགས་ར་ཡོངས་ཀྱི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་ཏང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པའི་དཔའ་བོ་དཔེ་བཟང་དང“མཛའ་གྲོགས་བྱས་རྗེས་གཟེངས་རྟགས”ཐོབ་པའི་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75སོང་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་བྱས་རྗེས་ངོ་མཚར་ཅན་ཆེན་པོ་གཉིས་བཏོད་པ་དང་། རླབས་ཆེའི་མེས་རྒྱལ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། ཟིལ་རླབས་དགུང་འཕྱུར་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུའི་ནང་འཐབ་ཕྱོགས་ཁག་ཏུ་དཔའ་བོ་དཔེ་བཟང་ཁག་དང་ཁག་མང་པོ་ཐོན་ཡོད། དེ་རིང་གཟེངས་བསྟོད་ཐོབ་པའི་བློ་མཐུན་ཚོ་ནི་དེའི་ཁྲོད་ཀྱི་ཕུལ་བྱུང་མཚོན་བྱེད་ཤ་སྟག་རེད། ཁོང་ཚོའི་སྔོན་ཐོན་བྱས་རྗེས་དང་མངོན་གསལ་དོད་པའི་ལེགས་སྐྱེས་དེ་དག་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་དེབ་ཐེར་ནང་ནམ་ཡང་འཁོད་ངེས་ཡིན་ལ། ཁོང་ཚོའི་ལྷག་བསམ་དང་། སྙིང་རུས། བབ་ཆགས་བཅས་ཀྱི་ཕུལ་བྱུང་གཤིས་རྒྱུད་ལ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སློབ་སྦྱོང་བྱེད་འོས་པ་ཞིག་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རྒྱལ་འདི་ཉིད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་གནས་ཡོད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཔའ་བོ་དཔེ་བཟང་མིག་དཔེར་བཟུང་སྟེ་མཐུན་སྒྲིལ་འབད་འཐབ་དང་འབད་འབུངས་མདུན་སྐྱོད་བྱས་ནས་རྒྱལ་ཁབ་སྟོབས་ཆེན་གྱི་ལས་འགན་གལ་ཆེན་ཐུན་མོང་ཐོག་སྒྲུབ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། རྒྱལ་ཁབ་སྟོབས་ཆེན་གྱི་ཕུགས་འདུན་བློ་ལ་བརྟན་པོར་འཆང་བ་དང་། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་བྱེད་པ་འདུ་ཤེས་སུ་འཛིན་པ། མི་དམངས་ཀྱི་བདེ་སྐྱིད་རེ་སྒུག་ལ་བརྩི་བ། བློ་དཀར་རྒྱལ་གཅེས་དང་རྒྱལ་ཁབ་ཀྱི་དྲིན་གཟོ་བའི་དམ་བཅའ་འཇོག་པ། རྒྱལ་ཁབ་ཀྱི་དོན་ཆུང་རང་ཉིད་ཀྱི་དོན་ཆེན་ལས་ལྷག་པར་འཛིན་པ། རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་གཙང་སྒྲུབ་དང་མི་དམངས་ལ་ཞབས་འདེགས་ཞུ་རིང་མི་སྒེར་གྱི་རིན་ཐང་མངོན་འགྱུར་དང་མི་ཚེའི་ཉམས་འགྱུར་མངོན་པ་བཅས་བྱེད་དགོས། རྒྱལ་ཁབ་སྟོབས་ཆེན་གྱི་རྩལ་ནུས་ལ་ཞུན་བརྡར་བྱེད་པ་དང་། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་བསྟུན་པ། ཤེས་བྱ་གསར་པ་སློབ་སྦྱོང་དང་། རྩལ་ནུས་གསར་པ་ཁོང་དུ་ཆུད་པ། འཇོན་ཐང་ངོ་མ་སྦྱོང་བ་བཅས་བྱེད་པ། བྱ་བ་གང་ཞིག་བསྒྲུབས་ན་དེར་དགའ་ཞེན་དང་བརྩོན་ཞིབ་བྱེད་པ། བྱ་བ་གང་ཞིག་ལ་བརྩོན་ཞིབ་བྱས་ན་དེར་མཁས་པ་བཅས་བྱས་ནས་ལས་སྒྲུབ་ལས་གཏོད་ཀྱི་ལས་གནས་ཀྱི་འཇོན་ཐང་ཅན་དང་བྱང་གོམས་ཅན་ལ་ཧུར་ཐག་འགྱུར་བར་བྱེད་དགོས། རྒྱལ་ཁབ་སྟོབས་ཆེན་གྱི་བྱས་རྗེས་འཇོག་ཕོད་པར་བྱས་ཏེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ལོ་རྒྱུས་ཀྱི་རང་འགུལ་དང་བདག་པོའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ། ཕུལ་བྱུང་དོན་གཉེར། ཡག་ཐོག་ཡག་བརྩེགས་བཅས་བྱས་ཏེ་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་ལས་རྗེས་བཏོད་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། སྒྱུར་བཅོས་ཀྱི་དཀའ་གནད་སྒྲོལ་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་ཐད་རྒྱུན་ཆད་མེད་པར་བྱས་རྗེས་འཇོག་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ལོ་75ཡི་རིང་། འཛམ་གླིང་ཐོག་ཀྲུང་གོ་མི་དམངས་དང་བློ་སེམས་གཅིག་མཐུན་དང་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་གྲོགས་པོ་རྙིང་པ་དང་གྲོགས་པོ་བཟང་པོ་མང་པོ་ཡོད། དེ་རིང“མཛའ་གྲོགས་བྱས་རྗེས་གཟེངས་རྟགས”ཐོབ་པའི་མཁྱེན་ལྡན་མ་ཏིར་མཱ·ལོ་སའེ་ཧྥུའུ་ནི་དེའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་མཚོན་བྱེད་ཅིག་རེད།
ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོའི་འཕེལ་རྒྱས་དང་། ཀྲུང་གོ་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་རྒྱལ་སྤྱིའི་གྲོགས་པོ་རྣམས་དུས་ནམ་ཡང་བརྗེད་མི་སྲིད། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པ་དང་། ཐུན་མོང་ཐོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཆར་གཞི་གསར་པ་ང་ཚོས་ཐུན་མོང་ཐོག་འགོད་དགོས་པ་དང་། ལོ་རྒྱུས་གསར་པ་ང་ཚོས་ཐུན་མོང་ཐོག་གཏོད་དགོས། དམིགས་ཚད་གཏན་འཁེལ་དང་། སེམས་མཐུན་སྟོབས་སྒྲིལ། གསར་འབྱེད་ཡར་བརྩོན་བཅས་བྱས་ཏེ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དེ་བས་མཛེས་སྡུག་ལྡན་པའི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་དགོས།
གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོའི་ཐོག“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཧོང་ཙུང་ཏེ་དང“མཛའ་གྲོགས་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཏིར་མཱ·ལོ་སའེ་ཧྥུའུ་ཡིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་བ་རེད།
གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།