ལོ་རྒྱུས་སྐོར་གྱི་དཔེ་ཚོགས་ཤིག་བོད་ཡིག་ཏུ་བསྒྱུར་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-08-13   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

        ཉེ་ཆར།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་རྡོ་སྦིས་ཚེ་རིང་རྡོ་རྗེ་དང་ཀུན་དགའ་རབ་རྒྱས་གཉིས་ཀྱིས་རྣམ་གྲངས་གཙོ་འགན་འཁུར་བའི《ཀྲུང་ཧྭའི་ལམ་བུ། རིག་དངོས་ཁྲོད་ཀྱི་ཀྲུང་གོའི་ལོ་རྒྱུས》ཞེས་པའི་དེབ་དྲུག་གི་བདག་ཉིད་ཅན་གྱི་དཔེ་ཚོགས་འདིའི་བོད་འགྱུར་མ་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཤིང་།  ལོ་རྒྱུས་ཀྱི་སྔ་ཕྱི་ལྟར་དེབ་དང་པོ་ནི། “རྡོ་ཆས་རྙིང་མའི་དུས་རབས་ནས་ཧྲང་རྒྱལ་རབས་ཀྱི་དུས་སྐབས”ཏེ། ལོ་ངོ་ཁྲི་170ཡི་གོང་གི་ཡོན་མོའུ་མིའི་དུས་སྐབས་ནས་འགོ་བརྩམས་ཤིང་། སྤྱི་ལོའི་སྔོན་གྱི་དུས་རབས་11པའི་ཧྲང་རྒྱལ་རབས་ཀྱི་དུས་སྐབས་སུ་མཇུག་འགྲིལ་ཡོད་པ་དང་། དེབ་གཉིས་པ་ནི། “ཀྲའུ་ནུབ་མ་ནས་ཀྲན་གོའི་དུས་སྐབས”ཏེ། སྤྱི་ལོའི་སྔོན་གྱི་དུས་རབས་11པའི་ཀྲའུ་ནུབ་མའི་དུས་སྐབས་ནས་ཀྲན་གོའི་དུས་སྐབས་བར་ཡིན་པ། དེབ་གསུམ་པ་ནི། “ཆིན་རྒྱལ་རབས་ནས་ལྷོ་བྱང་རྒྱལ་རབས་གཉིས་ཀྱི་དུས་སྐབས”ཏེ། སྤྱི་ལོའི་སྔོན་གྱི་དུས་རབས་3པའི་ཆིན་རྒྱལ་རབས་ནས་སྤྱི་ལོའི་དུས་རབས་6པའི་ལྷོ་བྱང་རྒྱལ་རབས་བར་ཡིན་པ། དེབ་བཞི་པ་ནི། “སུའེ་རྒྱལ་རབས་ནས་ཐང་རྒྱལ་རབས་ཀྱི་དུས་སྐབས”ཏེ། སྤྱི་ལོའི་དུས་རབས་6པའི་དུས་མཇུག་ནས་དུས་རབས་10པའི་དུས་འགོའི་སུའེ་ཐང་རྒྱལ་རབས་ཀྱི་དུས་སྐབས་བར་ཡིན་པ། དེབ་ལྔ་པ་ནི། “རྒྱལ་རབས་ལྔ་དང་རྒྱལ་ཁབ་བཅུ་ནས་ཡོན་རྒྱལ་རབས་ཀྱི་དུས་སྐབས་བར”ཏེ། སྤྱི་ལོའི་དུས་རབས་10པའི་དུས་འགོ་ནས་དུས་རབས་14པའི་དུས་མཇུག་གི་རྒྱལ་རབས་ལྔའི་སུང་དང་ཡོན་གྱི་དུས་སྐབས་བར་ཡིན་པ། དེབ་དྲུག་པ་ནི། “མིང་རྒྱལ་རབས་ནས་ཆིང་རྒྱལ་རབས་ཀྱི་དུས་སྐབས”ཏེ། མིང་དང་ཆིང་རྒྱལ་རབས་ཀྱི་དུས་སྐབས་ནས་1911ལོར་མཇུག་རྫོགས་པར་བྱས་ཡོད།

        དཔེ་ཚོགས་དེ་ནི་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་གིས་མི་ཤུགས་དང་རྒྱུ་དངོས་འབོར་ཆེན་བཏང་བ་དང་། རིག་དངོས་སྐོར་གྱི་མཁས་དབང་དང་། པར་ལེན་མཁས་པ། དཔེ་དེབ་ཇུས་འགོད་མཁས་ཅན་དུ་མས་ལོ་མང་རིང་བརྩོན་པ་ལྷུར་ལེན་གྱིས་རྩོམ་སྒྲིག་བྱས་པ་ཞིག་ཡིན་ཞིང་། རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རོགས་སྐྱོར་རྣམ་གྲངས་སུ་ཚུད་ཡོད་པ་རེད། དཔེ་ཚོགས་ནང་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་གི་རིག་དངོས་རྩ་ཆེན་2333དཔང་པོར་བྱས་ཏེ་ལོ་ངོ་ཁྲི་170ཡི་གོང་རོལ་ནས་ཆིང་རྒྱལ་རབས་དུས་མཇུག་བར་གྱི་ཀྲུང་གོའི་ལོ་རྒྱུས་རིག་གནས་ངོ་སྤྲོད་བརྒྱུད། སྔོན་བྱོན་མེས་པོས་ལོ་རྒྱུས་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཆེད་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་རྣམ་དཔྱོད་དང་བློ་གྲོས་སྐྱེས་སུ་ཕུལ་བ་མཚོན་པ་དང་། དེ་བཞིན་ཕྱོགས་དང་ཟུར་མང་པོ་ནས་རྒྱ་ཆེ་ལ་གཏིང་ཟབ་པ་དང་ཕུན་སུམ་ཚོགས་པའི་ཀྲུང་གོའི་ཤེས་དཔལ་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་དག་རིག་དངོས་ཀྱི་ལམ་ནས་བསྟན་ཡོད་ལ། ཀློག་པ་པོར་གནའ་དཔྱད་གཞུང་ལུགས་དང་པར་རིས། ཡི་གེའི་ལམ་ནས་རིག་གཞུང་ཤེས་བྱ་བརྒྱུད་བསྒྲགས་དང་། ལྷག་པར་དུ། ཀྲུང་ཡོན་ས་ཁུལ་གྱི་རིག་དངོས་ཙམ་མ་ཟད། མདོ་དབུས་མཐོ་སྒང་གི་རིག་དངོས་དང་གནའ་ཤུལ་གལ་ཆེན་སྐོར་བསྡུས་ཡོད།

        《ཀྲུང་ཧྭའི་ལམ་བུ། རིག་དངོས་ཁྲོད་ཀྱི་ཀྲུང་གོའི་ལོ་རྒྱུས》ཞེས་པའི་དཔེ་ཚོགས་ཀྱིས་མེས་པོའི་རྗེས་ཤུལ་བསྐྱར་དྲན་བྱས་ནས་འབྱུང་རྩ་འཚོལ་ཞིབ་དང་། ཀྲུང་ཧྭའི་ལོ་རྒྱུས་རིག་གནས་རྒྱུན་འཛིན། རིག་གནས་ཀྱི་གདེང་ཚོད་འཕེལ་བ་བཅས་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་དང་འཛམ་གླིང་ཤེས་དཔལ་སྤེལ་རེས་ལ་སྐུལ་འདེད་གཏོང་བར་དགེ་མཚན་མི་དམན་པ་བསྣན་ཡོད།