དབྱར་དུས་མོ་ནད་གཉན་ཚད་འབྱུང་བར་དོགས་ཟོན་བྱེད་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-11   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

图片

    དབྱར་མགོ་ཚུགས་རྗེས། དྲོད་ཚད་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། ལོ་རེའི་དབྱར་དུས་སུ་སླེབས་སྐབས། སྨན་ཁང་མང་པོར་མོ་ནད་གཉན་ཚད་བྱུང་བའི་ནད་པ་ཇེ་མང་དུ་འགྲོ་བའི་གནས་ཚུལ་འབྱུང་སྲིད། དབྱར་དུས་མོ་ནད་གཉན་ཚད་མང་དུ་འབྱུང་བའི་རྒྱུ་མཚན་ཅི་ཡིན་པ་དང་། ང་ཚོས་དེ་སྔོན་འགོག་ཇི་ལྟར་བྱེད་དགོས།

    མོ་ནད་ནི་བུད་མེད་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་ནད་རིགས་ཤིག་ཡིན་ལ། གསང་ལམ་གཉན་ཚད་དང་ཟུར་སྣོན་གཉན་ཚད། མངལ་སྐེའི་གཉན་ཚད། མཚང་ཁོག་གཉན་ཚད་བཅས་འདུ།

    དབྱར་ཁར་ཚ་གདུག་ཆེ་བས་མི་རྣམས་ལ་རྔུལ་ཆུ་བཞུར་ཚད་མང་བ་དང་། གསང་གནས་སུ་དྲོད་ཚད་མཐོ་བ་དང་བརླན་གཤེར་ཆེ་བས་ནད་གཞི་འབྱུང་སླ་བ་རེད། དབྱར་དུས་སུ། མི་མང་པོ་ཞིག་ལ་འཁྱགས་ཟས་ཟ་བའི་གོམས་གཤིས་ཡོད་ཅིང་། འཁྱགས་ཞོ་དང་འོ་ཇ་འཁྱག་པ་འཐུང་རྒྱུ་ནི་ཚ་བར་གཡོལ་བའི་བྱེད་ཐབས་ཤིག་ཏུ་གྱུར་ཡོད། ཟས་རིགས་འདི་དག་ལ་མངར་ཆ་མང་པོ་འདུས་ལ་སྐྱུར་གཤིས་ཀྱང་ལྡན་པས། ཚད་ལས་བརྒལ་བའི་མངར་ཆ་ཡིས་གསང་ལམ་གྱི་འབུ་ཕྲའི་ཁྱུ་དོ་མི་མཉམ་པར་གྱུར་ནས་ཧམ་སྲིན་མང་པོ་འབྱུང་སྲིད། ཁྲུས་བྱེད་ཚད་མང་དྲགས་པའམ་ཡང་ན་ཁྲུས་རྫས་གང་འཚམ་སྒོས་བེད་སྤྱོད་མ་བྱས་ཚེ། སྐྱེ་ཁམས་ཕྲ་མོའི་དོ་མཉམ་ལ་གཏོར་བརླག་ཐེབས་ཏེ་མོ་ནད་གཉན་ཚད་སློང་སྲིད། དེ་མིན། གཅིན་སྙི་ཟ་ཁུའི་ནད་པ་དང་དུས་ཡུན་རིང་པོར་དུག་སྲིན་འགོག་རྫས་སྤྱོད་པ། མོ་སྐུལ་རྒྱུ་འབོར་ཆེན་བཀོལ་བ་སོགས་ཀྱི་གནས་ཚུལ་འོག བུད་མེད་ཀྱི་གསང་གནས་ཀྱི་དྲོད་ཚད་དང་བརླན་ཚད་ལའང་འགྱུར་བ་འབྱུང་སླ་བ་དང་། འབུ་ཕྲའི་ཁྱུ་དོ་མི་མཉམ་པར་གྱུར་ནས་གཉན་ཚད་འབྱུང་སྲིད་པ་རེད།

    དབྱར་དུས་སུ། ཟགས་ཐོན་དངོས་པོ་དང་རྔུལ་ཆུར་གཙང་སྦྲ་གང་ལེགས་མ་བྱས་ཚེ་འགོས་ནད་འབྱུང་སྲིད། དཔེར་ན་སྤུས་ཀ་ཞན་པའི་འཕྲོད་བསྟེན་ལག་ཕྱིས་དང་ཁྲུས་གཞོང་མི་གཙང་བ་སོགས་བཀོལ་སྤྱོད་བྱེད་པ་ལྟ་བུ། ལྭ་བ་འོས་འཚམ་མ་གྱོན་ནའང་འགོས་ནད་འབྱུང་སྲིད། དབྱར་དུས་རྔུལ་ཆུ་བཞུར་ཚད་མཐོ་བས། གལ་ཏེ་མི་རྣམས་ཀྱིས་དུས་ཡུན་རིང་པོར་ལུས་ལ་དམ་པོར་འབྱར་བའི་གླང་རྫིའི་དོར་མའམ་ཚི་སྣའི་ནང་དོར་སོགས་རླུང་མི་རྒྱུ་བའི་ལྭ་བ་གྱོན་ཚེ། ནད་སྲིན་འཕེལ་བར་ཆ་རྐྱེན་བསྐྲུན་སྲིད།

    དབྱར་དུས་སུ། མི་རྣམས་རྒྱུན་པར་གཉིད་འཕྱི་བ་དང་ཉལ་ཁར་ཟ་མ་ཟ་བའི་གོམས་གཤིས་ཆགས་ཡོད། གལ་ཏེ་ལུས་ཕུང་དུས་ཡུན་རིང་པོར་བདེ་ཐང་མིན་པའི་གནས་སུ་ལྷུང་ཚེ། རིམས་འགོག་ནུས་པ་ཇེ་ཞན་དུ་སོང་ནས་ནད་གཞི་འབྱུང་སླ་བ་རེད།

    སྤྱིའི་ཆ་ནས་བཤད་ན། མོ་ནད་སྔོན་འགོག་བྱེད་པར་གཤམ་གྱི་གནད་འགའ་ལ་དོ་སྣང་བྱེད་དགོས། གཅིག་ནི་ཙོག་ཡུན་རིང་མི་རུང་བ། ཙོག་ཡུན་རིང་ན་ལུས་སྨད་ཀྱི་ཤ་གནད་མཁྲེགས་པོར་གྱུར་ནས་ཁྲག་རྒྱུག་ཚད་ཇེ་དལ་དུ་འགྲོ་བ་དང་། མཚང་ཁོག་གཉན་ཚད་འབྱུང་ཚད་ཇེ་མང་དུ་འགྲོ་བར་མ་ཟད། ཙོག་ཡུན་རིང་ན་གསང་གནས་ཀྱི་དྲོད་ཚད་དང་བརླན་ཚད་ཇེ་མཐོར་འགྲོ་སྲིད། གཉིས་ནི་ནང་དོར་གཙང་མ་བྱེད་དགོས། བཀྲུ་རྫས་གཟབ་ནན་གྱིས་སྤྱོད་པ་དང་དམིགས་བསལ་གནས་ཚུལ་མེད་ཚེ། རྒྱུན་པར་ཆུ་དྲོན་མོས་གསང་གནས་བཀྲུ་དགོས། གསུམ་ནི་ཆོས་ཉིད་དང་ལྡན་པའི་ངལ་གསོ་བ་དང་། དུས་བཅད་ལྟར་མོ་ནད་ལ་བརྟག་དཔྱད་བྱེད་དགོས་པ་དང་། རྒྱུན་ལྡན་མིན་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས། །