བོད་ཀྱི་རིག་གནས་སྦྲག་ཁང་གི་གན་འཇོག་མཛད་སྒོ་པེ་ཅིང་དུ་གཉེར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-07   རྩོམ་ཁུངས།    中央广播电视总台藏语广播


     སྤྱི་ལོ་2024ལོའི་ཟླ་བ་6ཚེས་6ཉིན་གྱི་སྔ་དྲོ། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དང་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སི་པེ་ཅིང་གྲོང་ཁྱེར་ཁྲའོ་ཡང་ཆུས་ཡན་ལག་ཀུང་སིས་མཉམ་འབྲེལ་ཐོག་བཙུགས་པའི་པེ་ཅིང་བོད་ཀྱི་རིག་གནས་སྦྲག་ཁང་གི་མཉམ་ལས་གན་འཇོག་མཛད་སྒོ་པེ་ཅིང་དུ་གཉེར་ཡོད།

        ད་ལོ་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དབུ་བརྙེས་ནས་ལོ་ངོ་15འཁོར་བའི་ལོ་ཞིག་རེད། ལོ་ངོ་15རིང་། བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་ཉིད་སྒྲིག་བཀོད་ཆ་ཚང་ཞིང་། ཞིབ་འཇུག་དང་ཇུས་འགོད་འགྲེམས་སྟོན་གྱི་ནུས་པ་ལྡན་པ་དང་ཁྱད་ཆོས་ཀྱིས་ཕྱུག་པ་བཅས་ཀྱི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རྟེན་མཛོད་ཁང་དང་ཀ་པ་རིམ་པ་གསུམ་པའི་མཛེས་ལྗོངས་ཁུལ་དུ་གྱུར་ཡོད། ལོ་ངོ་15གོང་། ཀྲུང་གོའི་བརྗོད་བྱ་གཙོ་བོའི་སྦྲག་སྲིད་ཅུད་ཐོག་མ་དེ་པེ་ཅིང་དུ་བཙུགས་པ་དང་། ལོ་ངོ་15རིང་། བརྗོད་དོན་མི་འདྲ་བའི་སྦྲག་སྲིད་ཅུད་པེ་ཅིང་ཙམ་མ་ཟད་རྒྱལ་ཡོངས་ས་གནས་ཁག་ཏུ་ཆར་རྗེས་ཀྱི་ཤ་མོ་བཞིན་ཐོན་ནས་ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་ཀྱི་དབང་པོ་ཅི་དགར་འཕྲོག་ཡོད།

        ད་ཐེངས་རྟེན་རྫས་བཤམས་མཛོད་ཁང་དང་སྦྲག་སྲིད་ཀུང་སིའི་དབར་གྱི་མཉམ་ལས་དེ་ནི་རྟེན་མཛོད་ཁང་གིས་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཏང་ཙུའུ་ཡི་འཕྲེད་གཞུང་གཉིས་སྦྲེལ་མཐུད་བྱེད་པའི་ལས་ཀའི་བསམ་བཀོད་ལག་བསྟར་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་འཛུགས་བྱེད་པའི་སློབ་གསོ་ལག་ལེན་རྟེན་གཞི་འཛུགས་སྐྲུན་གྱི་ཞིབ་ཕྲའི་བྱ་ཐབས་ཤིག་རེད། རྟེན་རྫས་བཤམས་མཛོད་ཁང་གི་ཉར་ཚགས་དངོས་པོའི་ཁྱད་ཆོས་ལྡན་པ་དང་། སྦྲག་སྲིད་ཅུད་དང་མཉམ་འདྲེས་གཏིང་ཟབ་ཐུབ་པའི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་རབ་དང་རིམ་པ་གཏོད་པ་བརྒྱུད་བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་དང་གོང་འཕེལ་གྱི་གྲུབ་འབྲས་སོགས་འགྲེམས་སྟོན་དང་འོས་སྦྱོར་བྱས་ཏེ་མི་རྣམས་ནས་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་ཅན་གྱི་གནས་སྟངས་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་བྱེད་པ། མི་དེ་བས་མང་བ་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤེས་རྟོགས་དང་རྒྱུན་འཛིན་བྱས་ནས་རིག་གནས་ཀྱི་བློ་སྤོབས་ཆེ་རུ་གཏོང་ཐུབ་པ་བྱ་རྒྱུ་རེད།

        གོམ་སྟབས་རྗེས་མར། ཕྱོགས་གཉིས་པོས་བཟང་ཆ་གསབ་རེས་དང་། ཐོན་ཁུངས་མཉམ་སྤྱོད། མཉམ་ལས་གཏིང་ཟབ། མཐུན་སྦྱོར་གོང་འཕེལ་བཅས་བྱེད་པའི་རྩ་དོན་ལྟར། རང་སོའི་བཟང་ཆ་དང་དགེ་མཚན་འདོན་སྤེལ་གྱིས་ཁྱད་ལྡན་ཐོན་རྫས་དང་འགྲེམས་སྟོན། སྤྱི་ཚོགས་སློབ་གསོའི་བྱེད་སྒོ་སོགས་གཙོ་གནད་དུ་བཟུང་སྟེ་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་གྱིས་རྟེན་མཛོད་ཁང་དང་སྦྲག་སྲིད་ཅུད་ཀྱི་ལས་དོན་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།