མཚོ་ལྷོ་ཁུལ་དུ་ལོ་ངོ3000གོང་གི་བྲག་རིས་ཚོགས་པ་ཞིག་རྙེད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-05   རྩོམ་ཁུངས།    青海藏文科技报

        ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་རིག་དངོས་ཞིབ་བཤེར་རུ་ཁག་གིས་རྒྱལ་ཡོངས་རིག་དངོས་ཞིབ་བཤེར་བྱེད་ཐེངས་བཞི་པའི་ཕྱི་རོལ་བརྟག་དཔྱད་བྱེད་སྐབས། ནང་དོན་ཕུན་སུམ་ཚོགས་ཤིང་རི་མོར་གསོན་ཉམས་ལྡན་པའི་བྲག་རིས་ཚོགས་པ་ཞིག་གསར་རྙེད་བྱུང་བ་དང་། བྲག་རིས་ཀྱི་ཁྱབ་ཚུལ་དང་གྲངས་འབོར། པར་རིས། རྩ་བའི་གཞི་གྲངས། ཉར་ཚགས་ཀྱི་གནས་ཚུལ་སོགས་འཚོལ་བསྡུ་དང་ཟིན་འགོད་ཞིབ་ཕྲ་བྱས།
        རྒྱུས་ལོན་བྱུང་བ་ལྟར་ན། བྲག་རིས་ཚོགས་པ་དེ་ནི་ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་འབུམ་ལུང་སྡེ་བའི་འབུམ་ལུང་ལུང་ཤུར་གྱི་བྲག་ངོས་སུ་ཡོད་ཅིང་། སྲོག་ཆགས་ཀྱི་པར་རིས་བརྐོས་པའི་བྲག་རིས་བཅུ་གྲངས་ཤིག་སྨི་གྲུ་བཞི་མ1000ཙམ་གྱི་བྲག་རིའི་སྟེང་ཐར་ཐོར་དུ་ཁྱབ་ཡོད་ལ། དེའི་ནང་གི་ཉུང་ཤས་ཤིག་བྲག་རྡོའི་སྟེང་ནས་ཕྱིར་མངོན་ཡོད་པ་ལས་གཞན་མང་ཆེ་བ་བྲག་རིའི་ངོས་ཀྱི་སྔོ་ཁེབས་ཀྱིས་བསྒྲིབས་ཡོད།
        ཀོས་ནན་རྫོང་རིག་དངོས་ཞིབ་བཤེར་རུ་ཁག་གི་ལས་དོན་མི་སྣ་ཝང་ཀྲན་ཚུན་གྱིས། བྲག་རིས་དེ་དག་ཚང་མ་ལི་ཆས་དུས་རབས་ཀྱི་ཐོན་དངོས་ཡིན་པ་དང་། ད་བར་ལོ་ངོ3000ལྷག་ཙམ་འདས་ཡོད་ལ། དེ་ནི་ཀོས་ནན་རྫོང་གི་མེས་པོ་ཚོས་གནས་འདིར་འཚོ་བ་རོལ་མྱོང་བའི་བདེན་དཔང་ནུས་ལྡན་ཞིག་ཡིན་པས། ང་ཚོས་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་ཤེས་རྟོགས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཞེས་བཤད།
        བྲག་རིས་ནི་མིའི་རིགས་ཀྱི་མེས་པོ་ཚོས་བཞག་པའི་རིག་གནས་ཤུལ་བཞག་རྩ་ཆེན་ཞིག་ཡིན་ལ་རྡོ་བརྐོས་རིག་གནས་རིགས་ཤིག་ཀྱང་རེད། མིའི་རིགས་ཀྱི་མེས་པོ་ཚོས་རྡོ་ཆས་ལག་ཆ་རུ་བྱས་ཏེ་རྒོད་ཅིང་རྩུབ་ལ་བབ་ཆགས་པ་དང་། རང་བྱུང་གི་གཤིས་ལ་ཉེ་བའི་བྱེད་ཐབས་སྤྱད་ནས་རྡོ་བརྐོ་བ་དང་རི་མོ་འབྲི་བ་སོགས་བརྒྱུད་དེ་སྐབས་དེའི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་ཟིན་ཐོར་བཀོད་པ་བརྒྱུད་མཚར་སྡུག་རྣམ་པར་བཀྲ་ཞིང་སྣ་མང་ཕུན་སུམ་ཚོགས་པའི་བྲག་རིས་འདི་དག་གསར་རྩོམ་གནང་བ་རེད།