སྒུལ་འཁོར་གྱི་དུས་རབས། བདེ་ཆེན་གྱི་འགྱུར་ལྡོག་དང་འཚར་ལོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་བདེ་ཆེན་ཁུལ་ནི་སྒུལ་འཁོར་གྱི་དུས་རབས་སུ་དངོས་སུ་སླེབས་ཡོད། ལོ་རྒྱུས་རང་བཞིན་གྱི་དུས་སྐབས་དེས་ཡུན་ནན་དང་། སི་ཁྲོན། བོད་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་པའི་ས་ཁུལ་དེ་རྒྱལ་ཡོངས་ཀྱི་ལྕགས་ལམ་དྲ་བའི་ནང་དངོས་སུ་འདྲེས་ཡོད་པ་མཚོན་ཡོད།  སྒུལ་འཁོར་མགྱོགས་མྱུར་ངང་རྒྱུག་པ་དེས་བདེ་ཆེན་ལ་འགྲིམ་འགྲུལ་སྟབས་བདེ་ཡོང་བ་མ་ཟད། ས་གནས་དེ་གའི་མི་དམངས་ཀྱི་འཚོ་བ་སྐྱེལ་སྟངས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏིང་ཟབ་བཏང་ཡོད།

“ལྕགས་ལམ་ཟོག་འདྲེན་ཤར་གཏོང་ཐུབ་པ་དེ་ང་ཚོའི་ཀུང་སིའི་ངོས་ནས་བརྗོད་ན་དགའ་འོས་པའི་བྱ་བ་ཞིག་རེད། གཞུང་ལམ་སྐྱེལ་འདྲེན་དང་བསྡུར་ན་ལྕགས་ལམ་སྐྱེལ་འདྲེན་ལ་མྱུར་ཚད་མགྱོགས་པ་དང་ཟོག་འགྲེམས་མ་གནས་དམའ་བའི་ལེགས་ཆ་ལྡན་པས་ང་ཚོའི་ཀུང་སིར་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་མང་བའི་གནད་དོན་ཐག་གཅོད་ཐུབ་ཡོད”ཅེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀུང་ཀྲོ་གཏེར་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀེ་རུང་གིས་དེ་ལྟར་བཤད་བྱུང་།

    ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ཚོང་ཟོག་འཁོར་རྒྱུག་དེ་བས་སྟབས་བདེ་བྱུང་བ་དང་ལྷག་པར་དུ་བཟའ་བཅའ་དང་། ཆང་དང་ཐ་མག་སོགས་རྒྱུན་གཏན་འཛད་སྤྱོད་དངོས་རྫས་ལྕགས་ལམ་བརྒྱུད་བདེ་ཆེན་ཁྲོམ་རར་མགྱོགས་མྱུར་ཞུགས་ཏེ་སྐྱེལ་འདྲེན་དང་དུས་ཚོད་ཀྱི་མ་གནས་དམའ་རུ་ཕྱིན་ནས་མི་དམངས་མང་ཚོགས་ཀྱིས་དེ་བས་སྤུས་ལེགས་ལ་གོང་བདེ་བའི་ཚོང་ཟོག་ལོངས་སྤྱོད་ཐུབ་ཀྱི་ཡོད་པ་རེད།

    ཟོག་འགྲེམས་ལེགས་སུ་ཕྱིན་པ་ཕུད། སྒུལ་འཁོར་ཤར་གཏོང་ཐུབ་པ་དེས་ཡུལ་སྐོར་བ་དེ་བས་སྟབས་བདེ་ངང་བདེ་ཆེན་དུ་འབྱོར་ནས་དེ་གའི་གངས་རི་དང་། རྩྭ་ཐང་། དམིགས་བསལ་གྱི་མི་རིགས་རིག་གནས་བཅས་ཉམས་ལེན་ཐུབ་ཀྱི་ཡོད་པ་རེད།  ཡུལ་སྐོར་ལས་རིགས་དར་རྒྱས་བྱུང་བ་དེས་བདེ་ཆེན་སེམས་ཀྱི་ཉི་ཟླའི་སྐད་གྲགས་ཆོད་ཚད་མཐོ་རུ་ཕྱིན་པ་མ་ཟད། ས་གནས་དེ་གའི་གྲོང་མིར་ལས་ཞུགས་གོ་སྐབས་དང་དཔལ་འབྱོར་ཡོང་འབབ་དེ་བས་མང་བ་མཁོ་འདོན་བྱས་ཡོད།  “ང་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད་པར་ཐེངས་གཉིས་པ་ཡིན། ཐེངས་དང་པོ་ནི་ལོ་བཅུའི་གོང་ཡིན། ཏ་ལིར་སླེབས་རྗེས་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་ནས་ཐང་ཆད་ཀྱི་འདུག  ད་ཐེངས་ལྔ་གཅིག་གུང་གསེང་རིང་ཁུན་མིང་ནས་ཐད་ཀར་སྒུལ་འཁོར་ལ་བསྡད་ན་ཆུ་ཚོད་བཞི་དང་ཕྱེད་ཀའི་ནང་སླེབས་ཀྱི་ཡོད། ལམ་བར་དུ་ས་མཐོའི་མཛེས་ལྗོངས་ལ་རོལ་མྱོང་བྱེད་ཐུབ་པས་ཧ་ཅང་ཡག་པོ་འདུག”ཅེས་ཀོང་ཏུང་ནས་ཡོང་བའི་སྐུ་ཞབས་ཝུའུ་ལགས་ཀྱིས་དགའ་སྤྲོའི་ངང་ནས་འདི་ལྟར་བཤད་བྱུང་།

    སྨན་བཅོས་ཐོན་ཁུངས་འཁོར་རྒྱུག་དང་མཉམ་སྤྱོད་དེ་བས་སྟབས་བདེ་རུ་ཕྱིན་པ་དང་བསྟུན་ནས་བདེ་ཆེན་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།  ལྷག་པར་དུ་གཞུང་བཙུགས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་རིན་གོང་ལེགས་སྒྲིག་བྱས་པས་ས་གནས་དེ་གའི་གྲོང་མིས་སྤུས་ཚད་དེ་བས་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་པ་རེད།  བདེ་ཆེན་མི་དམངས་ཀྱིས་དགོས་མཁོ་ཡོད་དུས་མགྱོགས་མྱུར་ངང་གྲོང་ཁྱེར་དེ་བས་ཆེ་བའི་ཆེད་ལས་ཀྱི་སྨན་བཅོས་ཞབས་ཞུ་འཚོལ་བར་བསྐྱོད་ཐུབ་པར་བྱས་ཡོད་པ་རེད།  

    སྒུལ་འཁོར་ཤར་གཏོང་ཐུབ་པ་དེས་ད་དུང་བདེ་ཆེན་གྱིས་དབུས་རྒྱུད་དང་མཚོ་རྒྱུད་ས་ཁུལ་དབར་གྱི་འབྲེལ་མཐུད་ལ་སྐུལ་འདེད་བཏང་བ་དང་མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་ལྷིང་ལ་ཤུགས་སྣོན་བརྒྱབ་ཡོད།  ས་ཁོངས་བར་གྱི་འབྲེལ་བ་དམ་ཟབ་དེ་རིགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པ་ཡོད་པ་མ་ཟད། བདེ་ཆེན་མི་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་པ་རེད།  སྒུལ་འཁོར་དུས་རབས་ཀྱི་སྐུལ་འདེད་འོག་བདེ་ཆེན་རིམ་བཞིན་སྣ་མང་རིག་གནས་མཉམ་འདྲེས་དང་དཔལ་འབྱོར་དར་རྒྱས་གོང་འཕེལ་འགྲོ་བའི་ས་ཁུལ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།