དབྱར་མཚོ་རྒྱས་པ་ལྟར་གྱི་ལྷ་སའི་སློབ་གསོའི་བྱ་གཞག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-24   རྩོམ་ཁུངས།    ཀྲུང་དབྱང་བོད་སྐད་རླུང་འཕྲིན།

    བོད་ལྗོངས་ལྷ་ས་གྲོང་ཁྱེར་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་སློབ་གསོའི་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་རྒྱུན་འཛིན་བྱས་ཏེ་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བས་ལྷ་སའི་མི་དམངས་མང་ཚོགས་ཀྱི་སློབ་གསོའི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་པ་དང་སློབ་གསོའི་སྤུས་ཚད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་ཡོད།

     ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཅུས་ཀྲང་བུ་ཆུང་གྱིས། བོད་རྙིང་པར་ལྷ་ས་ཁུལ་གྱི་མི་འབོར་ཁྲོད་ཡིག་རྨོངས་བ་དང་ཕྱེད་ཡིག་རྨོངས་བས་95%ཡན་ཟིན་པ་དང་ཡི་གེ་ཤེས་མཁན་2%ཡང་ཟིན་གྱི་མེད། འོན་ཀྱང་། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་ཡོད་ཅེས་བརྗོད་པ་རེད།

     གྲངས་གཞི་ལས་མངོན་པར་གཞིགས་ན། མིག་སྔར་ལྷ་ས་གྲོང་ཁྱེར་དུ་ཁྱོན་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་377ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་16.16ཡོད་པ་རེད།  དེའི་ནང་སློབ་ཞུགས་གོང་གི་ལོ་གསུམ་གྱི་ན་འདྲེས་སློབ་ཞུགས་བྱེད་ཚད་98.73%ཟིན་པ་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་99.46%ཟིན་པ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་97.26%ཟིན་པ། དབང་པོ་སྐྱོན་ཅན་བྱིས་པ་སློབ་ཞུགས་བྱེད་ཚད་98.83%ཟིན་པ། དེ་བཞིན་ངལ་ནུས་ལྡན་པའི་མི་འབོར་གྱི་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་10.8ཟིན་པ་བཅས་རེད།

     ལོ་བཅུ་ཕྲག་ཁ་ཤས་རིང་འབད་བརྩོན་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། སློབ་གསོའི་དམིགས་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་པའམ་ཡང་ན་དེ་ལས་བརྒལ་ནས་རྒྱལ་ཡོངས་ཀྱི་སློབ་གསོ་དང་ཆུ་ཚད་མཉམ་པ་བྱུང་ཡོད།