《བདེན་འཚོལ》དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཞིག་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-16   རྩོམ་ཁུངས།    中央广播电视总台藏语广播

        ཟླ་4ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་8པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས》ཞེས་པ་སྤེལ་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2013ལོའི་ཟླ་8པ་ནས་2023ལོའི་ཟླ་9པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བསྡུས་ཤིག་རེད། 

        རྩོམ་ཡིག་ནང་། ཀྲུང་ཧྭའི་ཤེས་དཔལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་བར་མཚམས་ཆད་མྱོང་མེད་པས། ང་ཚོའི་རླབས་ཆེན་གྱི་མི་རིགས་བཏོད་ཡོད། རིག་དངོས་དང་རིག་གནས་ཤུལ་བཞག་ནང་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྒྱུ་དང་ཁྲག་རྒྱུན་འདུས་ཡོད་པས། བསྐྱར་སྐྱེས་བྱེད་མི་ཐུབ་པ་དང་ཚབ་བྱེད་མི་ཐུབ་པའི་ཀྲུང་ཧྭའི་ཕུལ་བྱུང་ཤེས་དཔལ་ཐོན་ཁུངས་ཤིག་རེད། སྲུང་སྐྱོང་ཨང་དང་པོར་འཇོག་པ་དང་། དོ་དམ་ལ་ཤུགས་སྣོན་རྒྱག་པ། རིན་ཐང་སྔོག་འདོན་བྱེད་པ། བེད་སྤྱོད་ནུས་ལྡན་བྱེད་པ། རིག་དངོས་ལ་གསོན་ཤུགས་རྒྱས་པར་བྱེད་པ་བཅས་མཐའ་འཁྱོངས་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ལས་ཀའི་བླང་བྱ་ནན་ཏན་ངང་ལག་ལེན་མཐར་ཕྱིན་བྱས་ཏེ། རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།

        རྩོམ་ཡིག་ནང་། རིག་དངོས་ལ་སྐད་ཆ་ཤོད་ཏུ་འཇུག་པ་དང་། ལོ་རྒྱུས་ལ་སྐད་ཆ་ཤོད་ཏུ་འཇུག་པ། རིག་གནས་ལ་སྐད་ཆ་ཤོད་ཏུ་འཇུག་པ་བཅས་བྱེད་དགོས། སྲོལ་རྒྱུན་རིག་གནས་ཐོན་ཁུངས་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཏེ། ཕོ་བྲང་ནང་ཉར་ཚགས་བྱས་པའི་རིག་དངོས་དང་། ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་ཐོག་གི་ཤུལ་བཞག གནའ་དཔེའི་ནང་འཁོད་པའི་ཡི་གེ་བཅས་ལ་གསོན་ཤུགས་རྒྱས་སུ་འཇུག་པ་དང་། རིག་དངོས་ལ་ཞིབ་འཇུག་འགྲེལ་བཤད་དང་འགྲེམས་སྟོན་ཁྱབ་སྤེལ་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཕུལ་དུ་བྱུང་བའི་སྲོལ་རྒྱུན་གྱི་ཡུལ་ཕྱོགས་རིག་གནས་སྔོག་འདོན་དང་རྒྱུན་འཛིན། གསར་གཏོད་བཅས་གཏིང་ཟབ་བྱེད་པ། རང་རྒྱལ་རིག་གནས་ཀྱི་སྙིང་བཅུད་རྒྱུན་འཛིན་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་རྒྱབ་སྐྱོར་དང་ཟུར་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གསར་བརྗེའི་རིག་དངོས་སྲུང་སྐྱོང་ཡག་པོ་དང་དོ་དམ་ཡག་པོ། བཀོལ་སྤྱོད་ཡག་པོ་བཅས་ཏན་ཏིག་བྱེད་པ། ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་གྱི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་པོ་གཏོད་པ་བཅས་བྱས་ཏེ། ཀྲུང་གོ་བའི་བློ་སྤོབས་དང་ལ་རྒྱ། གདིང་ཤུགས་བཅས་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།  

        རྩོམ་ཡིག་ནང་། འཛམ་གླིང་ནི་སྣ་མང་ཕུན་སུམ་ཚོགས་པའི་ཤེས་དཔལ་ལས་གྲུབ་པ་དང་། ཀྲུང་ཧྭ་ཡི་ཤེས་དཔལ་གྱིས་སྔར་ནས་བཟུང་ཤེས་དཔལ་མི་འདྲ་བའི་དབར་ཕན་ཚུན་བསམ་ཤེས་དང་བརྩི་འཇོག་བྱེད་པར་བསྔགས་བརྗོད་བྱེད་ཀྱི་ཡོད།  གོ་ལ་ཧྲིལ་པོའི་ས་གནས་ཁག་གི་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་དར་རྒྱས་གོང་འཕེལ་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ལག་ལེན་བསྟར་བ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་རིག་གནས་ཀྱི་སྟོབས་ཤུགས་བརྟན་པོ་ཡུན་རིང་བསྣན་དགོས་ཞེས་ནན་སྟོན་བྱས་ཡོད།