སྣང་ཚུལ་གང་དག་གི་འོག་ཏུ་གཟེར་མེད་ཕོ་རྒྱུ་ཤེལ་ལ་བརྟག་མི་རུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-16   རྩོམ་ཁུངས།    中国西藏网藏文版

        ཕོ་རྒྱུ་ཤེལ་གྱིས་འཇུ་བྱེད་མ་ལག་གི་ནད་རིགས་སྨན་བཅོས་ཁྲོད་དུ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་ཐོན་གྱིན་ཡོད། འོན་ཀྱང་མི་མང་ཤོས་ཤིག་ལ་མཚོན་ན། ཕོ་རྒྱུ་ཤེལ་ནི་གླེང་བ་ཙམ་གྱིས་མི་ལ་འཇིགས་སྣང་སྟེར་བའི་བརྟག་དཔྱད་རྣམ་གྲངས་ཤིག་ཡིན་ལ། བརྟག་དཔྱད་བྱེད་དུས་ན་ཟུག་བཟོད་གླགས་མེད་པ་ཞིག་ཡོད་པས། ན་ཟུག་བཟོད་མ་ཐུབ་པའི་དབང་གིས་བརྟག་དཔྱད་ལེགས་འགྲུབ་མ་བྱུང་བའི་ནད་པའང་ཡོད།

        བདེ་སྣང་ཅན་གྱི་སྨན་བཅོས་རྒྱ་ཁྱབ་ཏུ་སྤེལ་བ་དང་བསྟུན་ནས། མི་མང་པོ་ཞིག་གིས་གཟེར་མེད་ཕོ་རྒྱུ་ཤེལ་ལ་བརྟེན་ནས་བརྟག་དཔྱད་བྱེད་ཀྱིན་ཡོད། དེ་ནི་རྩ་ལམ་ལ་སྦྲིད་སྨན་བརྒྱབ་སྟེ་ནད་པ་བརྒྱལ་དུ་བཅུག་རྗེས། ཕོ་རྒྱུ་ཤེལ་ལ་བརྟག་དཔྱད་བྱེད་པ་དང་། ཚོར་དབང་སྦྲིད་པའི་ཁྲོད་བརྟག་དཔྱད་བྱས་པ་ཡིན་པས་བརྒྱུད་རིམ་ཧྲིལ་པོར་མི་བདེ་བའི་ཚོར་བ་ཅི་ཡང་མེད།

        ན་ཟུག་མེད་པའི་དགེ་མཚན་ལྡན་པ།

        གཟེར་མེད་བདེ་སྣང་ངང་བརྟག་དཔྱད་དང་སྨན་བཅོས་ལས་སླ་མོར་བྱེད་ཐུབ་ལ། རྣམ་རིག་དྭངས་རྗེས་མི་བདེ་བ་དང་མི་འཚམ་པའི་སྣང་ཚུལ་མི་ལེགས་པ་མེད་པས། མི་རྣམས་ཀྱིས་ཕོ་རྒྱུ་ཤེལ་གྱི་བརྟག་དཔྱད་དང་ལེན་བྱེད་ཚད་ཧ་ཅང་མཐོ།

        འཇུ་བྱེད་ཚན་ཁག་གི་སྨན་པར་མཚོན་ན། གཟེར་མེད་བྱེད་ཐབས་སྤྱད་ན་བརྟག་དཔྱད་བྱེད་པར་ཆ་རྐྱེན་ལེགས་པོ་བསྐྲུན་ཐུབ་པར་མ་ཟད། སྨན་པས་ནད་ཀྱི་བརྟག་བཅོས་ལ་དེ་བས་བློ་རྩེ་གཏད་ཆོག་ལ། དུས་མཚུངས་སུ་སྦྲིད་སྨན་གྱི་བྱེད་ནུས་འོག་ཏུ་ཕོ་རྒྱུ་དལ་འགུལ་བྱས་ན་བརྟག་དཔྱད་ལ་ཕན་པར་མ་ཟད། བརྟག་དཔྱད་བྱེད་ཡུན་ཇེ་ཐུང་དང་བརྟག་དཔྱད་ཀྱི་ཕན་འབྲས་ཇེ་མཐོར་གཏོང་ཐུབ།

        མི་ལ་ལར་གཟེར་མེད་ཕོ་རྒྱུ་ཤེལ་གྱིས་བརྟག་དཔྱད་བྱེད་མི་རུང་།

        གཟེར་མེད་ཕོ་རྒྱུ་ཤེལ་ལ་བརྟག་དཔྱད་བྱེད་པར་བཟང་ཆ་མང་པོ་ཡོད་མོད། འོན་ཀྱང་མི་ཚང་མར་བརྟག་དཔྱད་འདི་འཚམ་པའི་ངེས་པ་མེད། གཤམ་གྱི་སྣང་ཚུལ་འདི་དག་ཡོད་ན་གཟེར་མེད་ཕོ་རྒྱུ་ཤེལ་ལ་བརྟག་དཔྱད་བྱེད་པར་མི་འཚམ་པ་སྟེ། གློ་བ་དང་ཡང་ན་དབུགས་ལམ་རེད་པའི་སྐབས་དང་། སྙིང་གི་འཕར་ལྡིང་རྒྱུན་ལྡན་མིན་པ། སྙིང་གཟེར་དང་སྙིང་ཤར་རྨས་སྐྱོན་ཕོག་པ། སྙིང་གི་བྱེད་ནུས་མི་ལེགས་པ། ཁྲག་ཤེད་མཐོ་བ། ཉེ་བའི་ཟླ་བ་གསུམ་གྱི་ནང་གཟའ་ནད་བྱུང་བ། འཇུ་ལམ་འགག་པ། ཚོར་ཐལ་ཚབས་ཆེན་བྱུང་བ། ཚོ་རྒྱས་དྲགས་པ་སོགས་ཀྱི་ནད་པར། སྡོད་རྩ་ཡོངས་སུ་སྦྲིད་པའི་སྨན་བཅོས་བྱས་ན་དོན་རྐྱེན་མི་ལེགས་པ་འབྱུང་བའི་ཉེན་ཁ་མངོན་གསལ་གྱིས་ཇེ་ཆེར་འགྲོ་ངེས།

        ནད་ཐོག་སྨན་བཅོས་ཀྱི་ཁྲོད་དུ། ང་ཚོ་ད་དུང་སྣང་ཚུལ་འདི་ལྟ་བུར་འཕྲད་མྱོང་སྟེ། མི་ལ་ལས་གཟེར་མེད་ཕོ་རྒྱུ་ཤེལ་ལ་བརྟག་དཔྱད་བྱེད་རྒྱུའི་དུས་བཅད་བྱས་ནའང་། བརྟག་དཔྱད་བྱེད་སྐབས་ཆམ་པ་ཕོག་ནས་ཚ་བརྒྱབ་པ་སོགས་ཀྱི་གནས་ཚུལ་འོག་གཟེར་མེད་ཕོ་རྒྱུ་ཤེལ་ལ་བརྟག་དཔྱད་བྱེད་ཆོག་གམ་ཞེ་ན། དེ་ནི་བྱེ་བྲག་གི་གནས་ཚུལ་དང་བསྟུན་ནས་ཐག་གཅོད་དགོས།

        གལ་ཏེ་ཆམ་པ་ཅུང་ཡང་མོ་སྟེ། སྣ་འགག་པ་དང་སྣ་ཆུ་བཞུར་བའི་སྐབས་སུ་སྦྲིད་སྨན་སྨན་པའམ་ཡང་ན་འཇུ་བྱེད་ཚན་ཁག་གི་སྨན་པར་གཟེར་མེད་ཕོ་རྒྱུ་ཤེལ་ལ་བརྟག་དཔྱད་བྱེད་ཆོག་མིན་བརྟག་ཏུ་འཇུག་དགོས།

        གལ་ཏེ་ཆམ་པ་ཅུང་ལྕི་མོ་སྟེ། གློ་ལུ་རྒྱག་པ་དང་ལུད་པ་བྱུང་བ་སོགས་ཀྱི་ནད་རྟགས་འབྱུང་སྐབས་གཟེར་མེད་ཕོ་རྒྱུ་ཤེལ་ལ་བརྟག་དཔྱད་བྱེད་པར་མི་འཚམ་སྟེ། གཅིག་ནས་གཉན་ཚད་ཀྱིས་དབུགས་ལམ་འགྱུར་འབྱུང་མཐོ་རུ་གཏོང་བ་དང་། སྐབས་དེར་ཕོ་རྒྱུ་ཤེལ་ལ་བརྟག་དཔྱད་བྱས་ན། གྲེ་བའི་རྩ་འཁུམ་པ་དང་གློ་ཡུའི་ཡན་ལག་འཁུམ་པ་སོགས་འབྱུང་སླ། གཉིས་ནས་ཆམ་པ་ཕོག་སྐབས་དབུགས་ལམ་གྱི་ཟགས་ཐོན་དངོས་པོ་མང་དུ་འགྲོ་བ་དེ་དུས་ལྟར་ཕྱིར་ཕུད་དགོས་མོད། འོན་ཀྱང་གཟེར་མེད་སྣང་ཚུལ་འོག་ཏུ་ལུད་པ་དུས་ལྟར་ཕྱིར་ཕུད་མ་ཐུབ་པར་དབུགས་ལམ་དུ་བསགས་ཏེ་དབུགས་ཆད་པར་བྱེད་དོ།། དེ་ལས་གཞན། ཆམ་པ་ཕོག་སྐབས་ནད་པའི་ལུས་ཟུངས་ཞན་པས་སྐབས་དེར་བརྟག་དཔྱད་བྱས་ན་ཆམ་པ་ཇེ་ལྕིར་འགྲོ་བ་རེད། དེར་བརྟེན། ཆམ་པ་ཕོག་པའི་ནད་པ་དང་ནང་སྒོས་སུ་ཚ་རྒྱག་པ་སོགས་ཆམ་པའི་ནད་རྟགས་ཅུང་ལྕི་བའི་ནད་པས་གཟེར་མེད་ཕོ་རྒྱུ་ཤེལ་ལ་བརྟག་དཔྱད་བྱེད་མི་འོས། །