བོད་ལྗོངས་སུ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་ཤོག་ལ་གསོན་ཤུགས་གསར་བ་རྒྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-15   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        བོད་ཤོག་གིས་བོད་ལྗོངས་ཀྱི་ལོ་རྒྱུས་ཟིན་ཐོ་བཀོད་ཡོད་ལ། རིག་གནས་ཡུལ་སྐོར་ལས་རིགས་དང་དྲ་རྒྱ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བརྒྱུད། ད་ལྟ་མི་སྔར་ལས་མང་པོས་བོད་ཤོག་མཚོན་བྱེད་དུ་འཛིན་པའི“གཟུགས་འདས་ཤུལ་བཞག”རྣམ་གྲངས་ལ་བརྟེན་ནས་བོད་ལྗོངས་ལ་རྒྱུས་ལོན་བྱེད་བཞིན་ཡོད།

        བོད་ཤོག་ནི་སྤྱི་ལོ་དུས་རབས7གྱི་དཀྱིལ་དུ་བྱུང་ཞིང་བོད་ལྗོངས་སུ་དམིགས་བསལ་དུ་ཡོད་པའི་རིག་གནས་ཐོན་རྫས་ཡིན།

        ཐང་རྒྱལ་རབས་ཀྱི་ཤོག་བུ་བཟོ་མཁན་བོད་ལྗོངས་སུ་སླེབས་ཚེ་བོད་ཀྱི་བཟོ་བ་དང་མཉམ་དུ་རྒྱ་ཡི་ཤོག་བུ་བཟོ་བྱེད་སྨྱུག་མ་དང་འབྲས་སོགས་ཀྱི་རྒྱུ་ཆ་མེད་པའི་གནས་ཚུལ་འོག་ལོ་མང་པོར་འཚོལ་ཞིབ་བྱས་པས་ཐུན་མོང་མ་ཡིན་པའི་ཤོག་བུ་བཟོ་རྩལ་ཞིག་རྙེད་དེ་ལོ་ངོ་སྟོང་ཕྲུག་ལ་རྒྱུད་འཛིན་བྱས་པའི་བོད་ཤོག་བཟོས། མི་རྣམས་ཀྱིས་རྒྱུན་པར“བོད་ལྗོངས་ཀྱི་ལོ་རྒྱུས་ནི་བོད་ཤོག་སྟེང་བཀོད་ཡོད”ཅེས་བརྗོད་ཀྱིན་འདུག

        བོད་ཤོག་བཟོ་བྱེད་ཀྱི་རྒྱུ་ཆ་གཙོ་བོ་སྟེ་རེ་ལྕག་གིས་ཤོག་བུ་འབུ་ལ་སོགས་ཀྱིས་ཟ་མི་ཐུབ་པ་རེད། ལེགས་ཆ་དེ་དག་གི་རྐྱེན་གྱིས་བོད་ཤོག་སྟེང་བཀོད་པའི་ཡི་གེ་ལོ་ངོ་སྟོང་ཕྲག་འགོར་ཡང་སྔར་བཞིན་ཉར་ཚགས་བྱེད་ཐུབ་པར་གྱུར།

        ཉེ་ཆར། གསར་འགོད་པ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་བོད་ཤོག་བཟོ་རྩལ་སྲུང་སྐྱོང་སྡེ་ཚན་ནམ་བོད་རང་སྐྱོང་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་བོད་ཤོག་བཟོ་རྩལ་རྒྱུན་འཛིན་རྟེན་གཞི་སྟེ་ལྷ་ས་ཚེ་ཆོན་ཕན་བདེ་མི་རིགས་ལག་བཟོ་ཚད་ཡོད་ཀུང་སི་རུ་བསྐྱོད་དེ་བོད་ཤོག་བཟོ་ཚུལ་རྒྱུས་ལོན་བྱུང་།

        བོད་ཤོག་བཟོ་བྱེད་ཀྱི་རྒྱུ་ཆ་ནི་རང་བྱུང་ལས་ཐོན་པ་དང་། དེ་ནང་ཤིང་ཤུན་ཚོ་སྣ་དང་རེ་ལྕག་གི་རྩ་བའི་ཚི་སྣ་སོགས་འདུས། “རེ་ལྕག་གི་མེ་ཏོག་ཤིན་ཏུ་ཡག་ཀྱང་དེ་ལ་དུག་ཡོད་པས་རེ་ལྕག་མེ་ཏོག་ལ་རེག་ནས་དུས་ཚོད་རིང་ན་སྐྱི་པགས་ཟ་འཕྲུག་ལངས་བ་དང་མིག་མི་བདེ་བའི་རྟགས་འབྱུང་སླ “ཞེས་ཀུང་སི་དེའི་འབྲེལ་ཡོད་འགན་ཁུར་མི་སྣ་སྒྲོལ་མས་གསར་འགོད་པར་དེ་ལྟར་བརྗོད། མོས“ཡིན་ཡང་རེ་ལྕག་བོད་ཤོག་ནང་བཞག་པས་ལོ་ངོ་མང་པོ་འགོར་ཡང་མི་རུལ་པ་དང་མདོག་མི་འགྱུར་བ་རེད”ཟེར།

        བོད་ཤོག་ཆེ་ཡང་ཤིན་ཏུ་ཡང་བས། ལག་པས་རེག་ན་སྤྱིར་བཏང་གི་ཤོག་བུ་ལས་འཇམ་ཞིང་མཉེན་ཆ་ལྡན་པ་ཞིག་ཡིན། “བོད་ཤོག་བཟོ་ན་གོ་རིམ་མང་ལ་རྙོག་འཛིང་ཆེ་ཡང་། ཐུན་མོང་མ་ཡིན་པའི་བཟོ་རྩལ་དེ་ཡིས་བོད་ཤོག་བཟོ་ཐུབ་པར་བྱུང”ཞེས་སྒྲོལ་མས་གསར་འགོད་པ་བོད་ཤོག་འགྲེམ་སྟོན་གནས་སུ་ཁྲིད་དེ་དེ་ལྟར་བརྗོད། འགྲེམ་སྟོན་ཁང་དུ་ལོ་རྒྱུས་ལྡན་པའི་བོད་ཤོག་ཟིན་ཐོ་ཞིག་གསར་འགོད་པའི་མིག་ལམ་དུ་མངོན་ཞིང་། ཟིན་ཐོ་དེ་ཁ་ཕྱེས་ནས་བལྟས་པ་ན། དེ་ནི་ལོ་མང་པོའི་རིང་ལ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པས་བྲིས་པའི་སྐད་ཆ་ཡིན། དེ་ནང་ཆེས་སྔ་བ1994ལོར་བྲིས་ཤིང་ད་ལྟའི་བར་དུ་ལོ་ངོ30འདས་ཀྱང་ཡིག་གཟུགས་གསལ་ལ་ཁ་སང་བྲིས་པ་དང་མཚུངས། བོད་ཤོག་སྟེང་སྦྱར་བའི་སྦྲག་རྟགས་ཀྱིས་ལོ་ཟླ་འདས་ཟིན་པ་མཚོན་ཡོད།

        ཉེ་བའི་ལོ་འགར་།སྲིད་གཞུང་གི་རྒྱབ་སྐྱོར་འོག་ཏུ་བོད་ཤོག་སོགས་ཀྱི་སྲོལ་རྒྱུན་ལག་བཟོ་ཡང་བསྐྱར་གསོན་ཤུགས་རྒྱས་ཤིང་། 2006ལོར་བོད་ཤོག་བཟོ་རྩལ་དེ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མཚོན་བྱེད་རང་བཞིན་གྱི་ལས་གཞི་ནང་བཞག་པ་རེད།

        ལྷ་ས་ཚེ་ཆོན་ཕན་བདེ་མི་རིགས་ལག་བཟོ་ཚད་ཡོད་ཀུང་སི་སྔོན་ཆད་ནི1960ལོར་བཙུགས་པའི“མདུན་སྐྱོད་ལྷམ་ལས་སའི་མཉམ་ལས་ཁང”ཡིན། སྐབས་དེར་མཉམ་ལས་ཁང་གིས་མི་རིགས་ཀྱི་ལག་བཟོ་ཐོན་རྫས་རིགས40ལྷག་ལས་བཞིན་ཡོད་པའི་ནང་ཆེས་མིང་གྲགས་པ་ནི་བོད་ཤོག་ཡིན། བོད་ཤོག་བཟོ་རྩལ་དེ་རྒྱུད་འཛིན་བྱ་ཆེད། གསར་གཏོད་མཁན་བྱམས་པ་བརྩོན་འགྲུས་ཀྱིས《བོད་ཤོག་བཟོ་རྩལ་གྱི་མྱུར་སྐྱོབ་དང་འཕེལ་རྒྱས་གོ་རིམ》ཞེས་པའི་དཔེ་དེབ་སྒྲིག་ནས་རྒྱ་ཡིག་དང་བོད་ཡིག དབྱིན་ཡིག་གསུམ་གྱི་སྒོ་ནས་བོད་ཤོག་གི་འཕེལ་རྒྱས་དང་བེད་སྤྱོད་སོགས་ངོ་སྤྲོད་བྱས།

        ད་ལྟ། བོད་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག་ས་ནི་རང་བྱུང་མཛེས་ལྗོངས་གཅིག་པུ་མ་ཡིན་པར་གཏིང་ཟབ་པའི་རིག་གནས་ནང་དོན་ཡང་ཡིན། “ཡུལ་སྐོར་པ་སྔར་ལས་མང་པོ་ང་ཚོ་ཀུང་སི་ནང་ཡོང་ན། རིག་གནས་གསར་གཏོད་ཐོན་རྫས་བརྒྱུད་དེ་ང་ཚོའི་མི་རིགས་རིག་གནས་ལ་རྒྱུས་ལོན་བྱུང་བས་ངའི་སེམས་ཤིན་ཏུ་དགའ། ཕུལ་བྱུང་གི་མི་རིགས་སྲོལ་རྒྱུན་རིག་གནས་ལ་མི་སྔར་ལས་མང་པོས་རྒྱུས་ལོན་དང་ཐུགས་ཁུར་བྱ་རྒྱུ་ནི་རང་གི་རེ་བ་ཉག་ཅིག་ཡིན”ཞེས་སྒྲོལ་མས་དེ་ལྟར་བརྗོད།

        བོད་ཤོག་རྣམ་པ་མང་པོའི་སྒོ་ནས་མི་རྣམས་ཀྱི་མིག་ལམ་དུ་མངོན་དུས་སུ་བོད་ཀྱི་རིག་གནས་ཀྱང་མང་ཚོགས་ཀྱི་འཚོ་བ་ནང་དང་ཁྲོམ་གཞུང་གི་རྣམ་པ་སོ་སོར་འདྲེས་བ་མཚོན་ཡོད། སྔོན་ཆད་དཔེ་དེབ་དང་ཡང་ན་ལོ་རྒྱུས་ཡིག་ཚགས་ནང་དུ་མ་གཏོགས་མཐོང་དཀོན་པའི་གནའ་བོའི་ལག་རྩལ་སྲིད་ཇུས་དང་ཚན་རྩལ། དྲ་རྒྱ། ད་དུང་ལག་རྩལ་པ་རྒན་པ་དག་གི་རྒྱུན་བསྐྱང་བའི་དགའ་ཞེན་འོག་ཏུ་ཡང་བསྐྱར་གར་སྟེགས་མདུན་དུ་ཡོང་ནས་གསོན་ཤུགས་གསར་བ་རྒྱས་བཞིན་ཡོད། །