གློག་བརྙན《གསའ》ཡི་ཆེད་དོན་གཟིགས་འབུལ་ཟི་ལིང་དུ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-12   རྩོམ་ཁུངས།    中国藏族网通

གློག་བརྙན《གསའ》ཡི་ཆེད་དོན་གཟིགས་འབུལ་ཟི་ལིང་དུ་སྤེལ་བ།

        ཟླ4པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་རང་བྱུང་རྩོམ་རིག་མཐུན་ཚོགས་ཀྱི་གློག་བརྙན《གསའ》ཡི་ཆེད་དོན་གཟིགས་འབུལ་དང་གཙོ་འཁྲབ་མི་སྣའི་ཐུག་འཕྲད་ཚོགས་འདུ་ཟི་ལིང་དུ་སྤེལ་བ་དང་། གློག་བརྙན་འདི་ཟླ4པའི་ཚེས3ཉིན་ཡོངས་ཁྱབ་ངང་གཟིགས་འབུལ་གནང་བ་རེད།

        《གསའ》ནི་ཀྲུང་གོའི་མཚོ་སྔོན་གྱི་དེ་སྔོན་འདས་ཟིན་པའི་བོད་རིགས་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་ཀྱིས་ཕབ་སྐྲུན་བྱས་པའི་བོད་སྐད་གློག་བརྙན8པ་ཡིན་ཞིང་། དུས་ཡུན་ལོ་གསུམ་རིང་གསར་རྩོམ་གནང་བ་རེད། གཏམ་རྒྱུད་དེ་ནི་ས་བབ་སྨི་སྟོང་བཞི་ལྷག་གི་མཚོ་བོད་མཐོ་སྒང་དུ་བྱུང་བ་དང་། གློག་བརྙན་ནང་གསའ་ཞིག་གིས་འབྲོག་པའི་ཟོག་ར་ནས་ལུག་དགུ་བསད་རྗེས། བུ་ཆེ་བས་གསའ་དེ་བཀག་ཉར་བྱས་ནས་གསོད་རྩིས་བྱས་པ་དང་། ཕ་རྒན་དང་བུ་ཆུང་བས་གསའ་དེ་གློད་གྲོལ་གཏོང་རྩིས་བྱས་པས། ཕ་བུ་བར་གྱི་རྩོད་གཞི་ལས་བྱུང་བའི་འཚོ་གནས་དང་ཆོས་ཉིད། ཞེན་འཛིན་དང་འདོར་བ་སོགས་ཀྱི་ཛ་དྲག་གདོང་གཏུག་སྐོར་ཞིབ་བརྗོད་བྱས་ཡོད།

        གློག་བརྙན་གཟིགས་འབུལ་བྱེད་སར་མི་ཚོགས་ཀྱིས་བཀང་ཡོད་པ་དང་། གཟིགས་འབུལ་ཚར་རྗེས་ཚོགས་རའི་ལྟད་མོ་བ་རྣམས་ཀྱིས་མི་སེམས་འགུལ་བའི་གློག་བརྙན་འདིར་དགའ་འབོད་བྱས་ལ། འདས་ཟིན་པའི་འཁྲབ་ཁྲིད་པ་ལགས་ལ་བླ་མེད་ཀྱི་གུས་འདུད་ཞུས།

        པད་མ་ཚེ་བརྟན་ལགས་ནི1969ལོའི་ཟླ12པར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྐྱེས་པ་དང་། མིང་ཏུ་གྲགས་པའི་འཁྲབ་ཁྲིད་པ་དང་རྩོམ་པ་པོ་ཡིན། ཀྲུང་གོའི་ལོ་ངོ་བརྒྱའི་གློག་བརྙན་ལོ་རྒྱུས་ལས་བོད་རིགས་ཕ་སྐད་ཀྱི་གློག་བརྙན་གསར་འབྱེད་པའི་མཚན་སྙན་ཐོབ་ཡོད། 

        པད་མ་ཚེ་བརྟན་གྱི་བུ་འཇིགས་མེད་འཕྲིན་ལས་ཀྱིས《གསའ》ཡི་གསར་རྩོམ་མྱོང་ཚོར་སྐོར་བརྗོད་དུས་བཤད་རྒྱུར། གློག་བརྙན་འདི་ནི་ངའི་ཨ་ཕ་ལགས་ཀྱིས་གོ་ཐོས་བྱུང་བའི་དོན་དངོས་ཀྱི་གཏམ་རྒྱུད་ཅིག་ལས་བྱུང་བ་ཡིན་ཟེར།
        གློག་བརྙན་གྱི་མཇུག་ཏུ། གསའ་ཡིས་གློག་བརྙན་གྱི་མི་སྣ་གཙོ་བོར་གྱེས་ཕྱག་ཕུལ་བ་དེ་ངས་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་ཀྱིས་ང་ཚོར་མཇུག་མཐའི་དྲན་ཤིང་ཅིག་བཞག་པར་མཐོང་ལ། ཁོ་རང་ཁོད་ཡངས་པའི་རི་ཀླུང་དུ་ཕེབས་པའི་དུས་མཚུངས་སུ་ང་ཚོའི་སེམས་ཀྱི་གཏིང་སར་འཛུལ་ཡོད་ཞེས་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མ་ཧའེ་ཧྲི་ཡིས་གློག་བརྙན་ལ་བལྟས་རྗེས་དེ་ལྟར་བཤད། །