ཟ་མ་ཟོས་རྗེས་ཕོ་སྐྱུར་ལངས་དོན་ཅི་ཡིན་ནམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-11   རྩོམ་ཁུངས།    青海藏文科技报

        འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། ཕོ་མིད་ལྡོག་རྒྱུག་ནད་ཀྱི་བྱུང་ཚད་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དེས་མི་རྣམས་ཀྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད།  

        ནད་རྟགས། 

        ཕོ་མིད་ལྡོག་རྒྱུག་ནད་ནི་ཕོ་ཁའི་ནང་གི་ཟ་མ་སོགས་མིད་ཐག་ནང་ཕྱིར་ལྡོག་རྒྱུག་བྱེད་པའི་རྒྱུན་མཐོང་གི་ནད་ཅིག་ཡིན་ལ།  དེའི་ནད་རྟགས་ལ་ཕོ་སྐྱུར་ལངས་པ་དང་། སྒྲེག་པ། བྲང་ཁ་ན་བ། བྲང་ཁར་དངོས་པོ་ཞིག་ཡོད་པ་ལྟ་བུའི་ཚོར་བ་འབྱུང་བ། ཕོ་བ་སྦོས་པ། གློ་ལུ་བ་སོགས་ཡོད་ལ། ཆེས་དཔེ་མཚོན་ཅན་གྱི་ནད་རྟགས་ནི་བྲང་ཁ་ཚ་བ་ཡིན། 

        འབྱུང་རྐྱེན། 

        ནད་འདིའི་འབྱུང་རྐྱེན་ནི་ཡུན་རིང་ལ་དུ་བ་འཐེན་པ་དང་ཆང་འཐུང་བ། དུ་བ་བདུགས་པའི་ཟས་དང་སྲེག་ཟས། རླམ་ཅན་གྱི་ཟས་སོགས་ཟུག་སློང་རང་བཞིན་གྱི་བཟའ་བཏུང་བསྟེན་པ། ཧྥིས་ཙན་ཐིས་ཚ་འགོག་སྨན་སོགས་རྫས་འགྱུར་སྨན་ཡུན་རིང་བསྟེན་པ་སོགས་ཀྱིས་མིད་ཐག་གི་ནང་སྐྱི་ལ་གནོད་སྐྱོན་བཟོས་པ་ལས་བྱུང་ཞིང་། གཞན་མིད་ཐག་གི་ཚོར་བ་རྒྱུན་ལྡན་མིན་པ་དང་། མཁྲིས་ཁུ་ལྡོག་རྒྱུག ཚགས་སྒོ་དུང་འཁྱིལ་ནར་སྲིན་འགོས་པ། སེམས་ཀྱི་གནོན་ཤུགས་ལྕི་བ་དང་སེམས་ཁྲལ་ཆེ་བ་སོགས་ལའང་འབྲེལ་བ་ཡོད། 

        བཅོས་ཐབས། 

        ཐོག་མར་ཟས་སྤྱོད་ལེགས་པར་བསྟེན་རྒྱུ་གལ་ཆེ་སྟེ། དཔེར་ན་ཉལ་སྐབས་སྔས་མགོ་ལི་སྨི15ནས20ཇེ་མཐོར་བཏང་བ་བརྒྱུད་གཉིད་ལོག་སྐབས་སའི་གོ་ལའི་ལྗིད་ཤུགས་ཀྱི་བྱེད་ནུས་ལ་བརྟེན་ནས་མིད་ཐག་ལ་གཙང་སེལ་བྱེད་རོགས་བྱས་ཏེ། མཚན་མོར་ལྡོག་རྒྱུག་བྱེད་པ་ཉུང་དུ་གཏོང་བ།  ཚིལ་དང་ཇ། ཁོ་ཧྥེ་དང་ལྕོག་ལེ་སོགས་ལ་ཚོད་འཛིན་བྱེད་པ། ཆང་དང་དུ་བ་གཅོད་པ། ཉལ་ཁར་ཟ་མ་རྒྱགས་དྲགས་པ་ཞིག་མི་བཟའ་བ་སོགས་བྱ་དགོས་ཤིང་། གལ་ཏེ་ཟས་སྤྱོད་ལེགས་སྒྱུར་བྱས་ཀྱང་ལྡོག་རྒྱུག་ལེགས་བཅོས་བྱེད་མ་ཐུབ་ཚེ། སྨན་ཁང་དུ་སོང་ནས་སྨན་བཅོས་ལེགས་པོ་བྱ་དགོས།