དུ་བ་འཐེན་ན་གསུས་ཁོག་གི་ཚིལ་ཇེ་མཐུག་ཏུ་འགྱུར་ངེས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-09   རྩོམ་ཁུངས།    青海藏文法治报

    ཉེ་ལམ་ཚན་རིག་དུས་དེབ《དབྱིངས་ཞུགས》ཞེས་པར་ཞིབ་འཇུག་གྲུབ་འབྲས་གསར་པ་ཞིག་སྤེལ་བ་ལྟར་ན། དུ་བ་འཐེན་ནས་ཡུན་རིང་མ་ཕྱིན་པ་དང་ཚེ་གང་བོར་དུ་བ་འཐེན་པ་གང་ཡིན་ཡང་དེས་གསུས་ཁོག་གི་ཚིལ་ཇེ་མཐུག་ཏུ་གཏོང་ངེས་ལ། ལྷག་པར་ནང་ཁྲོལ་གྱི་ཚིལ་ཇེ་མཐུག་ཏུ་འགྱུར་ངེས། ནང་ཁྲོལ་གྱི་ཚིལ་མང་དྲགས་ན་སྙིང་ནད་དང་གཅིན་སྙི་ཟ་ཁུ།  གཟའ་ཕོག་པ། ཧོན་ལོག་པ་སོགས་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ། 

    དུ་བ་འཐེན་མཁན་གྱི་ལུས་པོའི་ལྗིད་ཚད་ནི་དུ་བ་མི་འཐེན་མཁན་དང་བསྡུར་ན་ཅུང་ཡང་སྲིད། ཡིན་ནའང་ཁོ་ཚོའི་གསུས་ཁོག་དང་ནང་ཁྲོལ་དུ་ཚིལ་མང་པོ་བསགས་ཡོད། ནང་ཁྲོལ་ཚིལ་འདི་དག་ལུས་ཕྱི་ནས་ཤེས་དཀའ་སྟེ། མི་ལ་ལའི་གསུས་པ་ནི་ཕྱི་ནས་བལྟས་ཚེ་ཚུར་འབུར་མེད་ནའང་། དོན་དངོས་ཐོག་ནང་ཁྲོལ་ཚིལ་གྱི་འདུས་ཚད་ཤེས་མེད་ཚོར་མེད་ངང་མཐོ་རུ་ཕྱིན་ཡོད། མི་མངོན་པའི་ཉེན་ཁ་འདིའི་རིགས་ཀྱིས་རྟག་པར་ནད་ཚབས་ཆེན་བཟོ་སྲིད་ལ། ཞིབ་འཇུག་གསར་བ་འདིས་དུ་བ་འཐེན་ན་ཤེས་མེད་ཚོར་མེད་ངང་ཚིལ་གསོག་པ་ར་སྤྲོད་བྱས་ཡོད། 
    ཏེན་མག་རྒྱལ་ཁབ་ཀྱི་ཀི་པིན་ཧྭ་ཀིན་སློབ་གྲྭ་ཆེན་མོའི་ཞིབ་འཇུག་མི་སྣས་མིང་ཏིའར་སྐབས་བསྟུན(MR)སྡོམ་རྩིས་བྱེད་ཐབས་ལ་བརྟེན་ནས་དུ་བ་འཐེན་ནས་ཡུན་རིང་ཕྱིན་མེད་པའི་མི་ཁྲི120དང་ཚེ་གང་བོར་དུ་བ་འཐེན་པའི་མི་ཁྲི45ལ་བརྟག་དཔྱད་བྱས་ཤིང་། དུས་མཚུངས་སུ་མི་ཁྲི60ཡི་ལུས་པོའི་ཚིལ་གྱི་ཁྱབ་སྟངས་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། རྨང་རྒྱུའི་ཞིབ་འཇུག་གྲུབ་འབྲས་དང་ཟུང་འབྲེལ་སྒོས་དུ་བ་འཐེན་པ་དང་གསུས་ཁོག་གི་ཚིལ་ཇེ་མཐུག་ཏུ་འགྱུར་བ་གཉིས་ཀྱི་བར་རྒྱུ་འབྲས་ཀྱི་འབྲེལ་བ་ཡོད་པ་གཏན་ཁེལ་བྱས། 
    རྐེད་པ་དང་དཔྱི་མགོར་ཚད་མཇལ་བྱས་པ་ལྟར་ན། དུ་བ་འཐེན་ནས་ཡུན་རིང་མ་ཕྱིན་པ་དང་ཚེ་གང་བོར་དུ་བ་འཐེན་པ་གང་ཡིན་ཡང་གསུས་ཁོག་གི་ཚིལ་ཇེ་མཐུག་ཏུ་འགྱུར་ལ། དུ་བ་འཐེན་མཁན་གྱི་གསུས་ཁོག་གི་ཚིལ་ལྷག་མང་ཆེ་བ་ནང་ཁྲོལ་ཚིལ་ཡིན་པ་ལས་སྐྱི་ལྤགས་འོག་གི་ཚིལ་མིན།
    ཞིབ་འཇུག་ལས་ཤེས་པ་ལྟར་ན། དུ་བ་འཐེན་མཁན་དེ་དག་གི་གསུས་ཁོག་གི་ཚིལ་ནི་ཁོ་ཚོའི་སྤྱི་ཚོགས་དཔལ་འབྱོར་གྱི་གོ་གནས་དང་ཆང་འཐུང་མིན། མང་འགུལ་ནད་ཡོད་མེད་སོགས་དང་འབྲེལ་བ་མེད། 
    སྤྱི་པའི་འཕྲོད་བསྟེན་གྱི་ངོས་ནས་བཤད་ན། གསར་རྙེད་འདི་དག་གིས་དུ་བ་སྔོན་འགོག་དང་ཉུང་འཐེན་བྱ་རྒྱུའི་གལ་ཆེའི་རང་བཞིན་བསྟན་ཡོད་དེ། དུ་བ་འཐེན་པ་སྔོན་འགོག་དང་དུ་བ་ཉུང་འཐེན་བྱས་ན་མིའི་གློ་བ་དང་སྙིང་སོགས་ལ་ཐད་ཀར་གནོད་འཚེ་ཐེབས་ཚད་ཉུང་དུ་གཏོང་ཐུབ་པར་མ་ཟད། ནང་ཁྲོལ་ཚིལ་ཇེ་མཐུག་ཏུ་འགྱུར་བ་བཀག་སྟེ། དེར་འབྲེལ་གྱི་དལ་བའི་ནད་རིགས་སྣ་ཚོགས་འབྱུང་ཚད་ཀྱང་ཇེ་ཉུང་དུ་གཏོང་ཐུབ།