རང་རྒྱལ་གྱིས«ཆུ་གྲོན་ཆུང་བྱེད་པའི་སྲོལ་ཡིག»མི་འགྱངས་པར་ལག་བསྟར་བྱ་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-03   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ་ཆུ་གྲོན་ཆུང་བྱེད་པའི་སྲོལ་ཡིག་སྤྱི་བསྒྲགས་བྱས་ཤིང་། 2024ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞིང་། འདི་ནི་རང་རྒྱལ་གྱི་ཆུ་གྲོན་ཆུང་བྱེད་པའི་སྲིད་འཛིན་ཁྲིམས་སྲོལ་ཐོག་མའང་ཡིན།

གཅིག ཆུ་སྤྱོད་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས།

ཞིང་ལས་ལོ་ཏོག་དང་། བཟོ་ལས་ཐོན་རྫས། ཞབས་ཕྱིའི་ལས་རིགས་སོགས་ཀྱི་ཆུ་སྤྱོད་བཅད་གྲངས་དོ་དམ།
       ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་དགོས་མཁོ་དངོས་ལ་གཞིགས་ཏེ། རྒྱལ་ཁབ་ཀྱི་ཆུ་སྤྱོད་བཅད་གྲངས་དེ་ནན་གྱིས་ས་གནས་ཀྱི་ཆུ་བཀོལ་བཅད་གྲངས་གཏན་འབེབས་བྱས་ཆོག རྒྱལ་ཁབ་ཀྱི་ཆུ་སྤྱོད་བཅད་གྲངས་གཏན་འབེབས་བྱས་མེད་ན། ས་གནས་ཀྱི་ཆུ་སྤྱོད་བཅད་གྲངས་ཁ་གསབ་གཏན་འབེབས་བྱས་ཆོག
       ས་གནས་ཀྱི་ཆུ་སྤྱོད་བཅད་གྲངས་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་ལས་རིགས་གཙོ་སྐྱོང་སྡེ་ཁག་གིས་བཏོན་ནས་རིམ་པ་གཅིག་མཚུངས་ཀྱི་ཆུའི་སྲིད་འཛིན་དང་། ཚད་ལྡན་དོ་དམ་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་དང་མོས་མཐུན་བྱས་རྗེས་ཞིང་ཆེན། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་སྤྱི་བསྒྲགས་བྱ་རྒྱུ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུའི་སྲིད་འཛིན་དང་ཚད་ལྡན་དོ་དམ་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས།
སྲིད་འཛིན་ས་ཁོངས་ལྟར་ལོ་འཁོར་རེའི་ཆུ་སྤྱོད་པའི་བསྡོམས་འབོར་ཚོད་འཛིན་བྱ་དགོས།
       རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཆུ་སྤྱོད་བཅད་གྲངས་དང་། དཔལ་འབྱོར་ལག་རྩལ་གྱི་ཆ་རྐྱེན་དང་དེ་བཞིན་ཆུ་བགོའི་ཇུས་གཞི། ས་འོག་གི་ཆུའི་ཚོད་འཛིན་དམིགས་ཚད་སོགས་ལ་གཞིགས་ཏེ། གཏན་འཁེལ་བྱས་པའི་སྲིད་འཛིན་ས་ཁོངས་དེ་གར་སྤྱོད་ཆོག་པའི་ཆུ་ཚད་ལ་གཞིགས་ནས་སྲིད་འཛིན་ཁུལ་དེ་གའི་ལོ་འཁོར་རེའི་ཆུ་སྤྱོད་འཆར་གཞི་བཟོ་རྒྱུ་དང་། ལོ་རེའི་ཆུ་སྤྱོད་པའི་བསྡོམས་འབོར་ལ་ཚོད་འཛིན་བྱ་དགོས།
ཆུ་སྤྱོད་པའི་གཞི་ཁྱོན་ངེས་ཅན་ཞིག་ལ་སླེབས་པའི་ལས་ཁུངས་ཀྱིས་འཆར་གཞི་ལྟར་ཆུ་སྤྱོད་དོ་དམ་བྱ་དགོས།
       ས་འོག་གི་ཆུ་དང་ས་ངོས་ཀྱི་ཆུ་ཐད་ཀར་བེད་སྤྱོད་བྱེད་པའི་ཆུ་སྤྱོད་ལས་ཁུངས་ལ། ཆུ་སྤྱོད་འཆར་གཞི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གམ་བབ་མཚུངས་ཀྱི་འབབ་རྒྱུད་དོ་དམ་སྒྲིག་གཞི་གཏན་འབེབས་བྱ་རྒྱུ།
       གྲོང་ཁྱེར་སྤྱི་པའི་སྤྱོད་ཆུ་མཁོ་འདོན་བྱེད་མཁན་ཚན་པར་སྤྱོད་ཆུའི་འཆར་གཞི་དེ། གྲོང་ཁྱེར་གྱི་ཆུ་གྲོན་ཆུང་གཙོ་གཉེར་སྡེ་ཁག་གིས་གྲོང་ཁྱེར་གྱི་སྤྱོད་ཆུ་མཁོ་འདོན་གཙོ་གཉེར་སྡེ་ཁག་དང་མཉམ་དུ་བཟོ་དགོས། རྒྱལ་ཁབ་ཀྱིས་ཆུ་གྲོན་ཆུང་བྱེད་པར་མངོན་མེད་ནུས་ཤུགས་ཆེ་ཞིང་བེད་སྤྱོད་བྱེད་ཁྱོན་ཆེ་བའི་ཆུ་སྤྱོད་ཐོན་རྫས་ལ་ཆུའི་         ཕན་འབྲས་མཚོན་རྟགས་དོ་དམ་བྱ་རྒྱུ་མ་ཟད། ཆུའི་ཕན་འབྲས་རིམ་པ་ཅུང་དམའ་བའི་ཆུ་སྤྱོད་ཐོན་རྫས་རིམ་བཞིན་འདོར་དགོས།
ཆུ་གྲོན་ཆུང་བྱེད་པའི་མི་མངོན་པའི་ནུས་ཤུགས་ཆེ་བ། བེད་སྤྱོད་བྱེད་རྒྱ་ཆེ་བའི་ཆུ་སྤྱོད་ཐོན་རྫས་ལ་ཆུའི་ཕན་ནུས་མཚོན་རྟགས་ཀྱི་དོ་དམ་ལག་བསྟར་བྱེད་པ།
       རྒྱལ་ཁབ་ཀྱིས་ཆུ་གྲོན་ཆུང་བྱེད་པའི་མི་མངོན་པའི་ནུས་ཤུགས་ཆེ་བ་དང་། བེད་སྤྱོད་གཏོང་བ་ཤིན་ཏུ་ཆེ་བའི་ཆུ་སྤྱོད་ཐོན་རྫས་ལ་ཆུའི་ཕན་ནུས་མཚོན་རྟགས་ཀྱི་དོ་དམ་ལག་བསྟར་བྱ་རྒྱུ་མ་ཟད། ཆུའི་ཕན་ནུས་རིམ་པ་ཅུང་དམའ་བའི་ཆུ་སྤྱོད་ཐོན་རྫས་རིམ་བཞིན་འདོར་དགོས།
       ཆུ་ནུས་མཚོན་རྟགས་དོ་དམ་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གོང་སྤེལ་བསྒྱུར་བཅོས་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་གཏན་འབེབས་བྱ་རྒྱུ།
ཆུའི་ཐོན་ཁུངས་ཧ་ཅང་དཀོན་པའི་ས་ཁུལ་དུ་ཆུ་ཟད་གྲོན་ཆེ་བའི་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུར་ཚོད་འཛིན་ནན་མོ་བྱ་དགོས།
       ཆུའི་ཐོན་ཁུངས་ཧ་ཅང་དཀོན་པའི་ས་ཁུལ་དང་ས་འོག་གི་ཆུ་ཚད་ལས་བརྒལ་བའི་ས་ཁུལ་གྱིས་ཆུ་ཟད་གྲོན་ཆེ་བའི་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་བྱེད་པར་ཚོད་འཛིན་ནན་མོ་བྱ་དགོས་པ་དང་། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མི་མཐུན་པའི་ཆུ་ཟད་གྲོན་ཆེ་བའི་ཐོན་ལས་རྣམ་གྲངས་གསར་འཛུགས་བྱེད་པ་བཅས་ཀྱི་བཟོ་རིགས་ལ་དུས་བཀག་ལྟར་གཏན་འགོག་བྱ་དགོས།

གཉིས། ཆུའི་གྲོན་ཆུང་བྱེད་ཐབས་འཐུས་ཚང་དུ་གཏོང་བ།

ཞིང་ལས་ཀྱི་ཆུ་གྲོན་ཆུང་བྱེད་པར་སྐུལ་འདེད་གཏོང་བ།
       རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་ཆུའི་ཐོན་ཁུངས་ཀྱི་གནས་ཚུལ་ལ་གཞིགས་ནས། ཞིང་པས་འདེབས་འཛུགས་དང་ཞིང་ལས་ཀྱི་སྤྱོད་ཆུའི་གྲུབ་ཚུལ་ལེགས་སྒྲིག་ལུགས་མཐུན་བྱེད་པར་ཁྲིད་སྟོན་བྱ་དགོས། ཆུ་གྲོན་ཆུང་བའི་ཞིང་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས་ཡུལ་བབ་དང་བསྟུན་ཏེ་རི་མའི་ཞིང་ལས་འཕེལ་རྒྱས་གཏང་དགོས།
       རྒྱལ་ཁབ་ཀྱིས་ཆུའི་ཐོན་ཁུངས་དཀོན་པའི་ས་ཁུལ་དུ་ཆུ་གྲོན་ཆུང་བའི་ཞིང་ལས་གོང་དུ་སྤེལ་བར་གཙོ་གནད་དུ་རོགས་སྐྱོར་བྱ་དགོས།
བཟོ་ལས་ཀྱི་ཆུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ལ་སྐུལ་འདེད་གཏོང་བ།
       བཟོ་ལས་དང་ཁེ་ལས་ཀྱིས་ཆུ་གྲོན་ཆུང་བྱེད་པར་དོ་དམ་བྱེད་པའི་ལམ་ལུགས་བཙུགས་ཏེ། སྤུས་ཚད་དབྱེ་ནས་ཆུ་འདོན་སྤྲོད་དང་། ལས་ཆོད་ཆེ་བའི་གྲང་འགྱུར་དང་གཙང་འཁྲུ་རྒྱུན་འཁོར་སྤྱོད་ཆུ་དང་། ཆུ་སྙིགས་གཙང་བཅོས་བསྐྱར་སྤྱོད་སོགས་སྔོན་ཐོན་དང་། ཆུ་གྲོན་ཆུང་གི་ལག་རྩལ་དང་། བཟོ་རྩལ་དང་སྒྲིག་ཆས་ལ་བརྟེན་ནས་རྩིས་གཞི་རེའི་ཐོན་རྫས(ཐོན་རྫས་རིན་ཐང)ཀྱི་ཆུ་ཟད་གྲོན་འགྲོ་ཚད་ཆུང་དུ་གཏོང་བ་དང་། ཆུའི་ཐོན་ཁུངས་བེད་སྤྱོད་བསྐྱར་མ་བྱེད་ཚད་མཐོ་རུ་གཏང་དགོས། ཆུ་ཟད་གྲོན་ཆེ་བའི་བཟོ་ལས་ཁེ་ལས་ཀྱི་ཆུ་སྤྱོད་ཆུ་ཚད་དེ་ཆུ་སྤྱོད་བཅད་གྲངས་ལས་བརྒལ་ན། དུས་བཀག་ནང་ཆུ་གྲོན་ཆུང་བྱེད་པའི་བསྒྱུར་བཀོད་བྱ་དགོས།
       བཟོ་ལས་དང་ཁེ་ལས་ཀྱི་ཐོན་སྐྱེད་སྒྲིག་ཆས་གྲང་འགྱུར་ཆུ་དང་། དྲོད་སྙོམས་འཕྲུལ་ཆས་གྲང་འགྱུར་ཆུ། ཁྲོ་ཐབ་ཀྱི་གྲང་དཀག་ཆུ་བཅས་ཚུར་བསྡུས་ནས་བེད་སྤྱོད་བྱ་དགོས། ཆུ་ཟད་གྲོན་ཆེ་བའི་བཟོ་ལས་དང་ཁེ་ལས་ཀྱིས་བཙོག་ཆུ་གཙང་བཅོས་བྱས་ནས་བསྐྱར་སྤྱོད་བྱེད་པའི་ལག་རྩལ་དང་བྱེད་ཐབས་རིམ་བཞིན་ཁྱབ་སྤེལ་གཏང་དགོས།
གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་གྲོན་ཉུང་དུ་གཏང་དགོས།
       རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་གྱི་འཛུགས་སྐྲུན་ཁུལ་ནང་གི་ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བཅས་ཀྱི་སྤྱོད་ཆུ་གཅིག་གྱུར་གྱིས་འཆར་འགོད་ཤུགས་ཆེར་བཏང་སྟེ། ཆུ་གྲོན་ཆུང་གི་བླང་བྱ་དེ་གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་ཀྱི་རིམ་པའི་ཁྲོད་དོན་འཁྱོལ་བྱས་ནས་ཆུ་གྲོན་ཆུང་རང་བཞིན་གྱི་གྲོང་ཁྱེར་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས།
རྒྱུན་ལྡན་མིན་པའི་ཆུ་བེད་སྤྱོད་ལ་སྐུལ་འདེད་གཏང་དགོས།
       རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཆུའི་ཐོན་ཁུངས་ཀྱི་གནས་ཚུལ་ལ་གཞིགས་ནས་བསྐྱར་བཟོས་ཆུ་དང་། ཆར་ཆུ་གསོག་འཇོག མཚོ་ཆུ། མཚོ་ཆུ་ཚྭ་མེད་ཅན་དུ་བསྒྱུར་བ། གཏེར་དོང(ཁྲོན)ཆུ། ཚྭ་ཆུང་བའི་ཆུ་སོགས་རྒྱུན་ལྡན་མིན་པའི་ཆུ་དག་ཆུའི་ཐོན་ཁུངས་སུ་བཅུག་སྟེ་གཅིག་གྱུར་གྱིས་བཀོད་སྒྲིག་བྱ་དགོས།
       ཆུའི་ཐོན་ཁུངས་དཀོན་པའི་ས་ཁུལ་གྱི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རྒྱུན་ལྡན་མིན་པའི་ཆུ་བེད་སྤྱོད་ཀྱི་འཆར་གཞི་བཟོས་ནས་རྒྱུན་ལྡན་མིན་པའི་ཆུ་བེད་སྤྱོད་ཀྱི་བསྡུར་ཚད་མཐོ་རུ་གཏང་དགོས། རྒྱུན་ལྡན་མིན་པའི་ཆུ་བེད་སྤྱོད་ཀྱི་ཆ་རྐྱེན་འཛོམས་ཀྱང་བེད་སྤྱོད་ལུགས་མཐུན་བྱས་མེད་པའི་འཛུགས་སྐྲུན་རྣམ་གྲངས་ཡིན་ཕྱིན། དེའི་ཆུ་གསར་དུ་འདོན་རུང་པའི་ཆོག་མཆན་འགོད་མི་ཆོག

གསུམ། འགན་སྲུང་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏང་དགོས།

ཞིང་ལས་ཆུ་བེད་སྤྱོད་ཀྱི་གནད་ཁེལ་ཁ་གསབ་ལམ་སྲོལ་དང་ཆུ་གྲོན་ཆུང་ལ་བྱ་དགའ་སྤྲོད་པའི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས།
       རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཆུ་གྲོན་ཆུང་གི་ཕན་འབྲས་དང་། ཞིང་ལས་ཀྱི་ཆུ་རིན་ཆུ་ཚད། ནོར་ཤུགས་ཀྱི་གནས་ཚུལ་བཅས་དང་འཚམ་པའི་ཞིང་ལས་སྤྱོད་ཆུ་གནད་ཁེལ་ཁ་གསབ་ལམ་སྲོལ་དང་ཆུ་གྲོན་ཆུང་གི་བྱ་དགའི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས།
ཆ་རྐྱེན་དང་མཐུན་པའི་ཆུ་གྲོན་ཆུང་གི་རྣམ་གྲངས་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཁ་གསབ་བྱ་རྒྱུ།
དངུལ་རྩའི་སྒྲིག་གཞིས་ཆུ་བེད་གྲོན་ཆུང་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུར་ཁྲིད་སྟོན་བྱས་པ།
       དངུལ་རྩའི་སྒྲིག་གཞིས་ཆུ་གྲོན་ཆུང་བྱེད་པའི་དངུལ་རྩའི་ཞབས་ཕྱིའི་རྣམ་པ་སྣ་ཚོགས་མཁོ་འདོན་བྱེད་པར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་བྱ་རྒྱུ་དང་། དངུལ་རྩའི་སྒྲིག་གཞིས་ཆུ་བེད་གྲོན་ཆུང་རྣམ་གྲངས་ལ་མ་དངུལ་འདུ་འཁོར་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་སྣེ་ཁྲིད་བྱ་རྒྱུ།
       སྤྱི་ཚོགས་ཀྱི་མ་རྩ་རྣམས་ཚོང་ར་ཅན་དུ་འགྱུར་བའི་རྩ་དོན་ལྟར་ཁྲིམས་ལྟར་ཆུ་གྲོན་ཆུང་གི་རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་པར་ཞུགས་པར་རྒྱལ་ཁབ་ཀྱིས་སྐུལ་སྤེལ་དང་ཁྲིད་སྟོན་བྱས་ནས་དེའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ།
ཆུ་གྲོན་ཆུང་གི་ཞབས་ཕྱིའི་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བྱ་དགོས།
       རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཅན་དང་། ཆེད་ལས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་གྲོན་ཆུང་གི་ཞབས་ཕྱིའི་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་དང་། ཆུ་གྲོན་ཆུང་གི་ཞབས་ཕྱིའི་སྒྲིག་གཞིས་ཆུ་གྲོན་ཆུང་གི་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱེད་པར་རྒྱབ་སྐྱོར། ཆུ་གྲོན་ཆུང་གི་བློ་འདྲི་དང་། ཇུས་འགོད། ཚད་འཇལ། ལག་རྩལ་བསྒྱུར་བཀོད། འཁོར་སྐྱོད་དོ་དམ། ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་སོགས་ཀྱི་ཞབས་ཕྱི་སྤེལ་བ། ཆུ་གྲོན་ཆུང་གི་ཞབས་ཕྱིའི་སྒྲིག་གཞིས་ཆུ་སྤྱོད་ལས་ཁུངས་སམ་ཡང་ན་མི་སྒེར་དང་ཆུ་གྲོན་ཆུང་གི་དོ་དམ་གན་རྒྱ་འཇོག་པར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ།
གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཞིང་པའི་སྤྱོད་ཆུ་མཉམ་ལས་རྩ་འཛུགས་བཅས་དང་དེ་བཞིན་ཆེད་ལས་ཅན་གྱི་ཞབས་ཕྱིའི་རྩ་འཛུགས་གཞན་དག་བཅས་ཞིང་ལས་ཀྱི་ཆུ་གྲོན་ཆུང་གི་ཞབས་ཕྱིའི་ནང་ཞུགས་པར་རྒྱལ་ཁབ་ཀྱིས་སྐུལ་སྤེལ་བྱ་རྒྱུ།

བཞི། བཅའ་ཁྲིམས་ཀྱི་འགན་འཁྲི་ནན་དུ་གཏོང་བ།

       རང་དགར་གྱིས་ཆུ་བེད་སྤྱོད་བྱེད་པ་དང་དེ་བཞིན་ཐོན་སྐྱེད་དང་ཕྱིར་འཚོང་ངམ་ཐོན་སྐྱེད་ཚོང་གཉེར་ཁྲོད་དུ་རྒྱལ་ཁབ་ཀྱིས་བཀའ་ཁྱབ་ཞིབ་གསལ་བཏང་ནས་དོར་བའམ་རྗེས་ལུས་ཡིན་པའི་ཕྱོགས་སུ་ཆུ་བཀོལ་བ། ཆུ་ཟད་ཚད་མཐོ་བའི་ལག་རྩལ་དང་བཟོ་རྩལ། སྒྲིག་ཆས།ཐོན་རྫས་བཅས་ལ«ཆུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས»ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་གཅད་རྒྱུ།
       ཆུ་ཟད་གྲོན་ཆེ་བའི་བཟོ་ལས་ཁེ་ལས་ཀྱི་ཆུ་སྤྱོད་ཚད་དེ་ཆུ་སྤྱོད་བཅད་གྲངས་ལས་བརྒལ་བ་དང་གཏན་འབེབས་བྱས་པའི་དུས་བཀག་ནང་ཆུ་གྲོན་ཆུང་གི་སྒྱུར་བཀོད་མ་བྱས་ཚེ་དངུལ་ཆད་སྒོར་ཁྲི10མན་གཅོད་ཆོག་པ་དང་། ཡོ་བསྲང་མི་བྱེད་མཁན་ལ་སྒོར་ཁྲི10ཡན་ནས་སྒོར་ཁྲི50མན་གྱི་དངུལ་ཆད་གཅད་རྒྱུ་དང་གནས་ཚུལ་ཚབས་ཆེ་རིགས་ལ་ཆུ་སྤྱོད་ཚོད་འཛིན་གྱི་བྱ་ཐབས་སྤྱོད་པའམ་ཡང་ན་དེའི་ཆུ་ལེན་ཆོག་འཐུས་ལག་ཁྱེར་མེད་པར་བཟོ་རྒྱུ།
       ཆུ་ལ་གྲོན་ཆུང་བྱེད་པ་ནི་མི་ཚང་མས་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་པས་ན། ང་ཚོ་ཚང་མས་མཐུན་པའི་ལག་གདང་སྦྲེལ་ནས་ཆུའི་ཐོན་ཁུངས་ལ་ཞིབ་རྩིས་བརྒྱབ་སྟེ། ཆུ་ཡི་ཐིགས་པ་རེ་རེར་གྲོན་ཆུང་བྱས་ནས་ཆུའི་ཐོན་ཁུངས་ལ་སྲུང་སྐྱོང་བྱེད།