འཕུར་སྐྱོད་པ་བོད་རིགས་བུ་མོ་སྐལ་བཟང་པད་སྒྲོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-02   རྩོམ་ཁུངས།    མི་དམངས་དྲ་བ།

   སྤོ་ལོ་དང་། ཤུད་པང་། ཞབས་བྲོ། ཆུ་རྐྱལ་སོགས་རྩལ་ནུས་མང་པོར་འཇོན་པའི་བུ་མོ་སྐལ་བཟང་པད་སྒྲོན་ནི་གངས་ལྗོངས་ས་མཐོར་བཞད་པའི་སྐལ་བཟང་མེ་ཏོག་ལྟར་བཀྲག་མདངས་འཚེར་ཞིང་། ཡིད་ཆེས་ཀྱིས་ཁེངས་ལ་མཛེས་སྡུག་ལྡན། ཁོ་མོར་ད་དུང་ཐོབ་ཐང་རྫིག་པོ་ཞིག་ཡོད་པ་སྟེ། ཀྲུང་གོའི་མཁའ་དམག་གི་བུད་མེད་འཕུར་སྐྱོད་པ་ཁག་12པ་དང་། དུས་མཚུངས་མཁའ་དམག་གིས་བོད་ལྗོངས་ནས་བསྡུས་པའི་བོད་རིགས་བུད་མེད་འཕུར་སྐྱོད་པ་ཐོག་མ་དེ་རེད།
    ལོ་18སྟེང་ཐོག་མར་འཕུར་སྐྱོད་དང་འབྲེལ་འདྲིས་བྱུང་བ་ནས་ད་བར་གྱི་འཕྲུལ་ཆས་བཅོས་སྒྲིག་བྱེད་ཐེངས་ཚང་མར། རྙོག་འཛིང་ཆེ་བའི་མཁའ་འགྲུལ་རིག་པའི་ཤེས་བྱ་དང་། འཕྲུལ་ཆས་ཀྱི་རྩ་བའི་རིག་པ། རྦད་དེ་མི་འདྲ་བའི་གནམ་གྲུའི་གྲུབ་ཆ་དང་། ཁ་ལོ་སྒྱུར་རྩལ། དེ་བཞིན་འཕུར་སྐྱོད་ཀྱི་ཐེག་ཚད་སྔར་ལས་ཆེ་བ་རུ་འགྲོ་བ་སོགས་ཚང་མ་ཁོ་མོའི་ངོས་ནས་བརྗོད་ན་ཐོག་མ་ནས་འགོ་འཛུགས་དགོས་པའི་འགྲན་སློང་རྐྱང་རེད། 

    བོད་རིགས་བུ་མོ་སྐལ་བཟང་པད་སྒྲོན་གྱིས་འཕུར་སྐྱོད་པར་རྒྱུགས་འཕྲོད་པ་ནས་བཟུང་། ནམ་ཞིག་ཕ་ཡུལ་གྱི་སྤོབས་པར་འགྱུར་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་པས། དུས་ནམ་ཡིན་ཡང་སྦྱོང་བརྡར་ཧུར་ཐག་བྱེད་པ་ལས་ཕུགས་འདུན་དེ་འདོར་བའི་འཆར་སྒོ་སྐད་ཅིག་ཙམ་ལའང་འཁོར་མྱོང་མེད། 
    མཚན་གུང་གི་གློག་སྒྲོན་དང་སྦྱོང་བརྡར་བྱ་ཡུལ་གྱི་རྔུལ་ཆུ་ཐིགས་པ་རེ་རེ་ཡིས། སྐལ་བཟང་པད་སྒྲོན་གྱི་རྒྱུན་ཆད་མེད་པའི་ཐོལ་བརྒལ་དང་འཕུར་སྐྱོད་བྱ་གཞག་ལ་བཅངས་པའི་དད་སེམས་ལ་དཔང་པོ་བྱས་ཡོད། ལས་འགན་སྒྲུབ་ཐེངས་རེར་ཁོ་མོས་གང་ཐུབ་ཀྱིས་ཡག་ཐོག་ཡག་བརྩེགས་ཡོང་བར་བརྩོན་པ་དང་། འཕུར་སྐྱོད་ལས་འགན་འགྲུབ་ཐེངས་རེར་ཕྱོགས་སྡོམ་ནན་པོ་བྱེད་བཞིན་ཡོད། ཕམ་ཁ་འཁུར་མི་འདོད་པའི་སེམས་ཤུགས་འདི་ལ་བརྟེན་ནས་སྐལ་བཟང་པད་སྒྲོན་གྱིས་གཞི་ནས་མཐོ་ས་ནས་མཐོ་སར་བསྙེགས་ཏེ། རྒོལ་འཇོམས་གནམ་གྲུ་རིགས་ག་གེ་མོའི་རྐྱང་འཕུར་གྱི་དཔྱད་ཞིབ་བདེ་བླག་གིས་འགྲུབ་ནས་བཅོས་སྒྲིག་སྦྱོང་བརྡར་ཁྲོད་ཕུལ་བྱུང་གི་གྲུབ་འབྲས་ལོན་ཡོད།