དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་སྐུ་ཉིད་སེམས་ཀྱི་ཉི་ཟླར་ཡུལ་སྐོར་ལ་ཕེབས་རོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཐོན་ལ་ཉེ་བའི་2024ལོའི་དྭངས་གསལ་དུས་ཆེན་གྱི་གུང་གསེང་གིས་ཡུལ་སྐོར་ཁྲོམ་རར་ཡང་བསྐྱར་ཚ་རླབས་འཕྱུར་བར་བྱེད་ངེས།ཐུང་ཁྲེང་ཡུལ་སྐོར་གྱིས་ཟླ3པར་ཁྱབ་བསྒྲགས་བྱས་པའི་《2024ལོའི་དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་གི་ཡུལ་སྐོར་འཛད་སྤྱོད་འཕེལ་ཕྱོགས་སྙན་ཞུ་》ལས་ནན་ཅིང་དང་པེ་ཅིང་སོགས་ཡུལ་སྐོར་གྲོང་ཁྱེར་ཁ་ཤས་ཕུད་གསར་དར་དམིགས་ས་ཁ་ཤས་ལའང་ཡུལ་སྐོར་བས་དོ་ཁུར་བྱེད་ཀྱི་ཡོད་པ་མངོན་ཡོད།འདིའི་ཁྲོད་དུ།ཡུན་ནན་བདེ་ཆེན་ལ་དགའ་བསུ་མི་དམན་པ་ཐོབ་ཡོད་པ་་མ་ཟད།“སེམས་ཀྱི་ཉི་ཟླའི་”ཡུལ་སྐོར་IPལ་བརྟེན་ནས་ད་ལོའི་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་ཆུང་ངུའི་དམིགས་སའི་འཕར་ཚད་ཨང་བཅུ་པར་སླེབས་པ་རེད།

    རྒྱལ་ནང་གི་ཡུལ་སྐོར་ཁྲོམ་ར་ནས་ཡུན་ནན་གྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པས་མིང་དུ་གྲགས་ཡོད།དཔྱིད་དུས་ཀྱི་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་“གཙང་གསུམ་མཉམ་བཞུར་”གྱི་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་དུ་ཡུལ་སྐོར་གྱི་ལེགས་ཆ་སྔར་བས་མངོན་གསལ་དོད་དུ་ཕྱིན་པ་མ་ཟད།“འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་”ཡུལ་སྐོར་ལ་བརྟེན་ནས་ཡུན་ནན་གྱི་ཕྱི་ཕྱོགས་དྲིལ་བསྒྲགས་ལ་འོད་ཆེམ་ཆེམ་འཕྲོ་བའི་མིང་བྱང་ཞིག་ཏུ་གྱུར་ཡོད།

    བདེ་ཆེན་གྱི་ཚ་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་བའི་རྒྱུ་རྐྱེན་ནི་ས་གནས་དེ་གའི་ངོ་མཚར་ཆེ་བའི་གངས་རི་དང་།གཡང་གཟར་གྱི་གྲོག་རོང་། མེ་ཏོག་གི་གདན་ལྟ་བུའི་རྩྭ་ཐང་། མེ་ལོང་ལྟ་བུའི་མཚེའུ། མཐའ་ཡས་པའི་གདོད་མའི་ནགས་ཚལ། རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་བཅས་མེད་དུ་མི་རུང་བ་སྨོས་མེད་རེད། རང་བྱུང་ཁམས་དང་འཆམ་མཐུན་མཉམ་གནས་ཀྱི་པར་རིས་ཀྱིས་བདེ་ཆེན་གྱི་ཡིད་དབང་འཕྲོག་ཤུགས་སྐྱེད་སྲིང་བྱས་ཡོད།བོད་རིགས་དང་། ལི་སུའུ་རིགས། འཇང་རིགས། རྒྱ་རིགས་སོགས་མི་རིགས་དག་གིས་ས་གཞི་འདིའི་སྟེང་འཆམ་མཐུན་མཉམ་གནས་བྱས་ཏེ།མཚར་སྡུག་རྣམ་པར་བཀྲ་ཞིང་མཉམ་འདྲེས་མཉམ་གནས་ཀྱི་མི་རིགས་རིག་གནས་གྲུབ་ཡོད་ལ།སེམས་ཀྱི་ཉི་ཟླའི་ཆེས་ཐུན་མོང་མ་ཡིན་པའི་མཚོན་རྟགས་ཀྱང་གྲུབ་ཡོད།

    ཡུན་ནན་གྱི་ངོས་ནས་བརྗོད་ན་ཡུལ་སྐོར་རིག་གནས་ལས་རིགས་དུང་ཕྱུར་ཁྲི་བསྐྲུན་རྒྱུའི་འཆར་གཞི་འགོད་དགོས་བསམས་ན་“སེམས་ཀྱི་ཉི་ཟླའི་”IPཀྱིས་གནས་བབ་ཧ་ཅང་གལ་ཆེན་བཟུང་ཡོད་པ་གདོན་མི་ཟ།བདེ་ཆེན་གྱི་ཡུལ་སྐོར་སྔོག་འདོན་དང་གསར་བཟོ་བྱེད་པའི་བརྒྱུད་རིམ་ནང་འབྲེལ་ཡོད་སྡེ་ཚན་དང་རིག་གནས་ཡུལ་སྐོར་ཁེ་ལས་ཀྱིས་དྲ་ཐོག་དང་དྲ་འོག་གི་ཡུལ་སྐོར་ལེགས་ཆར་བརྟེན་ནས་ནུས་པ་ཧུར་ཐག་སྦྱིན་པ་དང་།ཁ་བ་དཀར་པོ་དང་ཇ་རྟའི་གནའ་ལམ། གཙང་གསུམ་མཉམ་བཞུར་སོགས་དཔེ་མཚོན་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱ་རྒྱུར་གཞོལ་ནས་བདེ་ཆེན་གྱི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་གཟུགས་བརྙན་ཇུས་འགོད་ཞིབ་ཚགས་བྱས་ཏེ་གནས་གཏན་འཁེལ་གསར་པ་དང་མཐུན་པའི་ཡུལ་སྐོར་དྲིལ་བསྒྲགས་གློག་བརྙན་བཟོས་ནས་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་IPགསར་རྐྱང་གཏོད་རྒྱུ་ཡིན་པ་རེད།

    དྲ་ཐོག་དང་དྲ་ཕྱིའི་ལས་སྟེགས་ཀྱིས་ཐུན་མོང་ཐོག་ནུས་པ་འདོན་སྤེལ་བྱས་པ་བརྒྱུད་བདེ་ཆེན་གྱི་སེམས་ཀྱི་ཉི་ཟླའི་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་ཐུབ་པ་དང་རིག་གནས་ཀྱི་གཏམ་རྒྱུད་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ནས་འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”IP་དེར་གསོན་ཤུགས་དེ་བས་ཆེ་བ་ལྡན་ཡོད།ཡུལ་སྐོར་འཛད་སྤྱོད་རིམ་སྤོར་གྱི་རྒྱབ་ལྗོངས་ཆེན་པོའི་འོག་ཐུང་ཁྲེང་ཡུལ་སྐོར་གྱིས་དུས་ཚིགས་དང་འཚམ་པའི་ཡུལ་སྐོར་ཐོན་རྫས་དང་ལམ་ཐིག་རྒྱུན་ཆད་མེད་པར་བསྡུ་སྒྲིལ་བྱས་ཏེ་ལོ་ན་མི་འདྲ་བ་དང་། ལས་རིགས་མི་འདྲ་བ། ས་ཁོངས་མི་འདྲ་བ་བཅས་ཀྱི་ཡུལ་སྐོར་བའི་འཛད་སྤྱོད་དགོས་མཁོ་སྐོང་རྒྱུ་བསྟན་པ་རེད།

    ད་ཆ་དྭངས་གསལ་དུས་ཆེན་གྱི་གུང་གསེང་ཐོན་ཉེར་ཡོད་པ་དང་།ལོ་གང་མང་གི་དྭངས་གསལ་དུས་ཆེན་རིང་གི་ཡུལ་སྐོར་ཁྲོམ་རའི་མཚོན་ཚུལ་དང་ཟུང་འབྲེལ་བྱས་ཏེ་2024ལོའི་དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་བདེ་ཆེན་གྱི་ཡུལ་སྐོར་འཛད་སྤྱོད་ཁྲོམ་ར་དར་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་སྔོན་དཔག་བྱས་པ་རེད།སྲོལ་རྒྱུན་གྱི་ཟས་སྡོད་དང་འགྲིམ་འགྲུལ་འཛད་སྤྱོད་ཕུད་བདེ་ཆེན་གྱི་་“སེམས་ཀྱི་ཉི་ཟླའི་”ཁྱད་ལྡན་ཉམས་ལེན་ཡུལ་སྐོར་དང་།སྤྲོ་གསེང་གུང་གསེང་དང་རིག་གནས་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར་སོགས་སྣ་མང་ཅན་གྱི་ཐོན་རྫས་ཀྱང་སྔོན་མངག་བྱེད་ན་མཐོ་རླབས་བསུ་རྒྱུ་རེད།