བོད་ལྗོངས་ཀྱི་སྤོ་འགུལ་མི་ཐུབ་པའི་རིག་དངོས་ཁྱོན་5587ཟིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་བཞུགས་མོལ་ཚོགས་འདུ་དང་བོད་རང་སྐྱོང་ལྗོངས་ཀྱི་ཐེངས་བཞི་པའི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་2024ལོའི་ཟླ་3པའི་ཚེས་4ཉིན་ལྷ་སར་འཚོགས་ཤིང་།  གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཡོངས་ཀྱི་སྤོ་འགུལ་མི་ཐུབ་པའི་རིག་དངོས་བསྡོམས་འབོར་5587བར་མང་དུ་ཕྱིན་ཡོད།

     བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཅུས་ཀྲང་ཆོས་སྒྲོན་གྱིས། ཟླ་2པའི་ཟླ་མཇུག་ཏུ་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་རྫོང་74ཡི་ཡོངས་བཤེར་སྒྲིག་གཞི་ཚང་མ་བཙུགས་ཟིན། ཉེ་བའི་ལོ་ཤས་རིང་གནའ་རྫས་རྟོག་ཞིབ་སྔོག་འདོན་དང་། རིག་དངོས་ཐོན་ཁུངས་ཆེད་དོན་བརྟག་དཔྱད་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར(བསྡུས་མིང་ཡོངས་བཤེར་ཐེངས་གསུམ་ཞེས་བརྗོད)གྱིས་གཏན་འཁེལ་བྱས་པའི་བོད་ལྗོངས་ཀྱི་སྤོ་འགུལ་མི་ཐུབ་པའི་རིག་དངོས་4277གྱི་རྨང་གཞིའི་ཐོག བོད་ལྗོངས་སུ་སྤོ་འགུལ་མི་ཐུབ་པའི་རིག་དངོས་1310གསར་རྙེད་བྱུང་བ་དང་། ལྗོངས་ཡོངས་ཀྱི་སྤོ་འགུལ་མི་ཐུབ་པའི་རིག་དངོས་བསྡོམས་འབོར་5587བར་མང་དུ་ཕྱིན་ཡོད། ད་ཐེངས་ཡོངས་བཤེར་རིང་། བོད་ལྗོངས་ཀྱིས་ཡོངས་བཤེར་ཐེངས་གསུམ་ནང་གཏན་འཁེལ་དང་ཐོ་འགོད་བྱས་པའི་སྤོ་འགུལ་མི་ཐུབ་པའི་རིག་དངོས་ས་ཚིགས་ལ་ཁྱོན་ཡོངས་ནས་བསྐྱར་ཞིབ་བྱ་རྒྱུ་མ་ཟད། གསར་དུ་ཤེས་རྟོགས་བྱུང་བའི་སྤོ་འགུལ་མི་ཐུབ་པའི་རིག་དངོས་ལ་བརྟག་དཔྱད་དང་། གཏན་འཁེལ། ཐོ་འགོད་བཅས་བྱ་རྒྱུ་རེད་ཅེས་ངོ་སྤྲོད་གནང་བ་རེད།

     ད་ཐེངས་ཀྱི་ཡོངས་བཤེར་དེ་ཟླ་4ཚེས་1ཉིན་ཡོངས་བཤེར་གྱི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་དང་། ཟླ་5ཚེས་1ཉིན་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་ས་ཁོངས་ཧྲིལ་པོར་ཁྱོན་ཡོངས་ནས་ཡོངས་བཤེར་བྱ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཡོངས་བཤེར་དེ་2023ལོའི་ཟླ་11པར་འགོ་བཙུགས་པ་དང་། 2026ལོའི་ཟླ་6པར་མཇུག་འགྲིལ་རྒྱུ་ཡིན་ཞིང་། དུས་མཚམས་གསུམ་ལ་དབྱེ་ནས་སྤེལ་རྒྱུ་ཡིན་པ་རེད།