རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་གྲོལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-11   རྩོམ་ཁུངས།    མི་དམངས་དྲ་བ།

 ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པས་གྲོས་རིམ་ཁག་ཚང་མ་ཡོངས་འགྲུབ་བྱས་ཏེ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། གྲོས་ཚོགས་ལས་མི་དམངས་སྲིད་གྲོས་ལ་ཞུགས་པའི་ལས་ཁུངས་སོ་སོ་དང་རིམ་པ་སོ་སོའི་རྩ་འཛུགས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། བློ་གཅིག་སེམས་གཅིག་དང་ཇུས་ཤུགས་མཉམ་འདོན་བྱས་ནས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས་པའི་འབོད་སྐུལ་བཏང་།

ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པས་གྲོས་རིམ་ཁག་ཚང་མ་ཡོངས་འགྲུབ་བྱས་ཏེ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། འདི་ནི་ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པའི་རྣམ་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུར་འགོ་འཛིན་གནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུན་དང་ཧུའུ་ཁྲུན་ཧྭ། ཧྲིན་ཡུའེ་ཡུའེ། ཝང་ཡུང་། ཀྲིག་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧི་ཧིག་ཧྭ། ལེང་ཀྲིན་དབྱིན། པ་ཐིར། སུའུ་ཧོས། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲིན་ཝུའུ། མུའུ་ཧུང་། ཞན་ཧོས། ཝང་ཏུང་ཧྥུན། ཅང་ཞིན་ཀྲི། ཅང་ཙོ་ཅུན། ཧི་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

སྔ་དྲོའི་ཆུ་ཚོད་དགུའི་སྟེང་དུ་གྲོས་ཚོགས་གྲོལ་བའི་ཚོགས་འདུ་དངོས་སུ་བསྡུས། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་དགོས་པའི་ཨུ་ཡོན་སྟོང་གཉིས་བརྒྱ་དང་བཅུ་དྲུག་ཡོད་པ་དང་། ཨུ་ཡོན་སྟོང་གཉིས་དང་གྱ་ལྔ་དངོས་སུ་ཚོགས་འདུར་ཞུགས་ཡོད་ལ། ཚོགས་ཞུགས་མི་གྲངས་ཁྲིམས་བཅད་མི་གྲངས་དང་མཐུན།

གྲོས་ཚོགས་སྟེང་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་པའི་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་སྙན་ཞུའི་གྲོས་ཆོད། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།

ཝང་ཧུའུ་ཉིང་གིས་གསུང་བཤད་གནང་སྐབས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་ནི་དར་ཆ་མཐོར་སྒྲེང་དང་དངོས་འཛིན་དངོས་སྒྲུབ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པས། དྲང་ནུས་གཅིག་སྡུད་དང་སྙིང་སྟོབས་འཕེལ་བར་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་ཆེན་མགོ་རྩོམ་པ་དང་གྲོལ་བའི་མཛད་སྒོར་ཞུགས་ནས། ཨུ་ཡོན་ལ་འཚམས་འདྲི་གནང་ནས་མཉམ་འབྲེལ་ཚན་ཆུང་གི་གྲོས་སྡུར་ཁྲོད་ཞུགས་ཏེ་ཨུ་ཡོན་ཚོ་དང་མཉམ་དུ་རྒྱལ་དོན་གླེང་ཡོད།  ཨུ་ཡོན་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་ཚན་རྩལ་ལས་རིགས། ཁོར་ཡུག་ཐོན་ཁུངས་ལས་རིགས་བཅས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་དང་སྙན་ཞུ་གཞན་དག་ལ་གྲོས་སྡུར་ཟབ་མོ་བྱས་ལ། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞི་བྱ་བའི་གནས་ཚུལ་སྙན་ཞུ་སོགས་ཀྱི་ཡིག་ཆར་གྲོས་ཞིབ་ནན་ཏན་བྱས་པར་མ་ཟད། བློ་འདོན་ཇུས་འབུལ་གང་ལེགས་བྱས་པ་དང་། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱས་པའི་དབང་གིས། སྲིད་གླེང་བྱ་བར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཨུ་ཡོན་ཚང་མས་འདས་ཟིན་པའི་ལོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཞུམ་མེད་འབད་འཐབ་དང་དཔའ་སྐྱེད་མདུན་སྐྱོད་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་མངོན་འགྱུར་གང་ལེགས་བྱས་ནས། ཀྲུང་གོ་འདི་ཉིད་དཀའ་ངལ་ལས་རྒྱལ་ནས་ངར་སེམས་ཆེན་པོས་མདུན་སྐྱོད་བྱེད་རྒྱུར་སྣེ་ཁྲིད་བྱས་པར་གདེང་འཇོག་ཆེན་པོ་བྱས། ཨུ་ཡོན་ཚང་མས“གཏན་ཕབ་གཉིས”ཀྱིས་ང་ཚོས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཐོན་པའི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་ལས་ཟབ་མོ་ལོན་ཡོད་ཅེས་གསུངས།

ཝང་ཧུའུ་ཉིང་གིས་ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་དང་། མི་དམངས་སྲིད་གྲོས་བཙུགས་ནས་ལོ75འཁོར་བའི་ལོའང་ཡིན། ལོ75ཡི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གསར་པ་བཙུགས་པ་དང་ཀྲུང་གོ་གསར་པ་འཛུགས་སྐྲུན། བཅོས་སྒྱུར་གྱི་ལམ་བུ་འཚོལ་ཞིབ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཀྱི་རླབས་ཆེན་ལག་ལེན་ཁྲོད་འབད་པས་ཞུགས་ནས་འོད་སྟོང་ལྡན་པའི་ལོ་རྒྱུས་ཀྱི་བགྲོད་ལམ་སྟེང་བསྐྱོད་ཡོད། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་དང་གོ་བ་གཏིང་ཟབ་བླངས་ནས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཏང་གི་འགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་ཏེ། སྲོལ་རྒྱུན་བཟང་པོ་དར་སྤེལ་དང་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱེད་པ། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ནས། དུས་དང་རྣམ་པ་ཀུན་ཏུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱིའི་བཀོད་སྒྲིག་འོག་ཏུ་བྱ་བར་འཆར་འགོད་བྱེད་པ་དང་བྱ་བ་སྒྲུབ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་ནུས་སྒྲུབ་པ་དང་དེའི་ཐད་སེམས་ཤུགས་གཅིག་སྒྲིལ་བྱེད་པར་དམ་པོར་དམིགས་པ། ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་བཏང་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་བྱ་བའི་ཁྲོད་དོན་འཁྱོལ་བྱེད་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་མངོན་གང་ཐུབ་བྱས་ནས། མི་དམངས་སྲིད་གྲོས་སུ་ཞུགས་པའི་ཏང་ཁག་དང་ཚོགས་པ་སོ་སོ་དང་། མི་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དུ་འཇུག་དགོས། གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ། སྤུས་ཚད་མཐོ་བའི་བློ་འདོན་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ལ་སྐུལ་སྤེལ་གཏོང་ཆེད་སེམས་ཤུགས་གཅིག་སྡུད་བྱེད་དགོས་ཞེས་གསུངས།

ཝང་ཧུའུ་ཉིང་གིས་ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། དངོས་སྒྲུབ་དང་འགན་འཁྲི། ཁག་ཁུར་བཅས་ལ་བརྟེན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐྱོད་ལམ་གསར་པའི་སྟེང་དངོས་སུ་བསྐྱོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་གསུངས།

གྲོས་ཚོགས་གྲོལ་བའི་ཚོགས་འདུར་ཞུགས་མཁན་གྱི་འགོ་ཁྲིད་བློ་མཐུན་ལ་ད་དུང་མཱ་ཞིན་རོས་དང་ཝང་དབྱི། དབྱིན་ལིས། ལིའུ་གོ་ཀྲུང་། ལིས་ཀན་ཅེ། ལིས་ཧྲུའུ་ལེ། ལིས་ཧུང་ཀྲུང་། ཧི་ཝེ་ཏུང་། ཧི་ལིས་ཧྥུན། ཀྲང་ཡིའུ་ཞ། ཀྲང་གོ་ཆིན། ཁྲིན་ཝུན་ཆིན། ཁྲིན་ཅི་ཉིང་། ཁྲིན་མེན་ཨར། ཡོན་ཅ་ཅུན། ཧོང་ཁུན་མེན། ལིའུ་ཅིན་གོ ཝང་ཞའོ་ཧུང་། ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏ་ཧྥུན། ཧི་ཝེ། ཝུའུ་ཝེ་ཧྭ། ཐའེ་ཉིང་། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁི་ལའེ་ཐིས་ཀྲ་ཁི་ཨར། ཝུའུ་ཀྲིན་ལུང་། ཧྲིན་དབྱི་ཆིན། ཀྲང་ཅུན། དབྱིན་ཡུང་སོགས་ཡོད།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་གྲོལ་བའི་ཚོགས་འདུར་ཟུར་ཞུགས་བྱས། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་དང་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་སོགས་གདན་ཞུས་ལྟར་གྲོས་ཚོགས་གྲོལ་བའི་མཛད་སྒོར་ཞུགས།

ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ།