2023ལོའི་བདེ་ཆེན་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསྡུས་བཀོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        2023ལོར་བདེ་ཆེན་ཁུལ་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་303.74ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་0.6%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་178.24ཟིན་ཡོད།  གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་7.4%འཕར་བ་དང་ཚོ་ཆུང་    ཞིག་གི་གྲངས་གཞི་ལས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ཀྱི་གཡུར་ཟའི་གྲུབ་འབྲས་མངོན་ཡོད་པ་རེད།  

        བཟོ་ལས་དང་ཆ་འཕྲིན་ཅན་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བ། 

        2023ལོར་རང་ཁུལ་གྱི་ཁེ་ལས་གནད་དོན་གྱི་གསལ་ཐོ་རེ་རེ་བཞིན་ཐག་གཅོད་བྱས་ནས་ཁེ་ལས་ཀྱི་ཐོན་འབབ་དང་ཕན་འབྲས་ཆེ་རུ་གཏོང་ཆེད་རྨང་གཞི་བཏིང་སྟེ་རང་ཁུལ་གྱི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།  རང་ཁུལ་གྱིས་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་དང་སྐྱེད་སྲིང་ཆ་འཕྲིན་ཐོན་ལས་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་།   ཁུལ་ཡོངས་ཀྱི་གྲོང་ཁུལ་དང་།  ཤང་གྲོང་ས་ཁུལ།  མཛེས་ལྗོངས་ཁུལ། ཁེ་ལས་གལ་ཆེན། སྲིད་འཛིན་གྲོང་ཚོ(སྡེ་ཁུལ)བཅས་ཚང་མར་གཏན་འཇགས་དྲ་ཆེན་དྲ་རྒྱ་དང་5Gསྒུལ་བདེའི་དྲ་རྒྱ་ཁྱབ་པ་དང་། གཙོ་གནད་བྱེད་སྒོ་སྤེལ་ཡུལ་5Gཤར་གཏོང་ཐུབ་ཚད་87%ཟིན་ཡོད། མི་ཁྲི་རེར་5Gསྦྲེལ་ཚུགས་གྲངས་19.1ཟིན་པ། ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་དང་ས་དམ་ནས་སེམས་ཀྱི་ཉི་ཟླའི་མྱུར་བགྲོད་གཞུང་ལམ་རྩ་བའི་ཆ་ནས་5Gདྲ་རྒྱ་ཁྱབ་ཐུབ་པ་བྱུང་ཡོད།

        2024ལོར་བདེ་ཆེན་ཁུལ་བཟོ་ལས་དང་ཆ་འཕྲིན་ཅན་ཅུས་ཀྱིས་ཞིང་ཨུའི“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་དང“མཐའ་ཚད་སྲུང་བ་དང་འདེགས་སྐྱོར་བརྟན་པོ་བྱེད་པ། སྒུལ་ཤུགས་ཆེ་རུ་གཏོང་བ། སྐས་རིམ་གསར་པར་སླེབས་པ”བཅས་ཀྱི་དཔལ་འབྱོར་ལས་དོན་གྱི་བླང་བྱར་དམ་པོར་དམིགས་ཏེ་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བཟོ་ལས་གྲུབ་ཆ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་རེད། 

        དངུལ་རྩའི་ཞབས་ཞུས་བདེ་ཆེན་གྱི་དངོས་ཚན་དཔལ་འབྱོར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།     

        2023ལོར་ཁུལ་ཡོངས་ཀྱི་ཁོངས་གཏོགས་དངུལ་ཁང་སྒྲིག་གཞིས་དངུལ་རྩའི་ཞབས་ཞུ་རྒྱུན་མཐུད་ངང་ལེགས་སུ་བཏང་སྟེ་ཚོགས་སྤྱི་མི་འདྲ་བའི་དགོས་མཁོ་དངོས་ལ་གཞིགས་ནས་དམངས་ཕན་གྱི་ཡིད་རྟོན་དངུལ་བུན་ཐོན་རྫས་བཏོན་པ་དང་དངུལ་རྩའི་ཞབས་ཞུའི་ཐོབ་ཚོར་ཆེ་རུ་བཏང་བ་རེད།  ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་དངུལ་རྩའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མུ་མཐུད་མཐོ་རུ་བཏང་ཡོད།  2023ལོའི་ལོ་མཇུག་བར་ཁོངས་གཏོགས་ནང་གི་དངུལ་ཁང་ལས་རིགས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་122.22ཟིན་པ་དེ་ལོ་སྟོད་དང་བསྡུར་ན་5.19%འཕར་ཡོད་པ་རེད། 

        ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་གོང་དུ་འཕེལ་སྟངས་བཟང་ཕྱོགས་སུ་འཕེལ་བ།

        2023ལོར་བདེ་ཆེན་ཁུལ་ཡོངས་ཀྱི་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་20.46ཟིན་པ་དེ་དུས་མཚུངས་ལས་4.2%འཕར་ནས་ཞིང་ཆེན་ཡོངས་ཀྱི་ཨང་9པར་སླེབས་ཡོད།  ལོ་གཅིག་རིང་བདེ་ཆེན་གྱིས་ཞིང་ལས་གཉེར་སྐྱོང་གཙོ་གཟུགས་སྐྱེད་སྲིང་དང་ཚན་རྩལ་ལ་བརྟེན་ནས་ཞིང་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཞིང་ལས་གཉེར་སྐྱོང་གཙོ་གཟུགས་ལ་བྱ་དགའ་དང་ཁ་གསབ་སྤྲོད་པའི་སྲིད་ཇུས་བཟོས་པ་དང་འབྲེལ་ལག་ལེན་བསྟར་བ། འདེབས་འཛུགས་ལས་རིགས་རྟེན་གཞི་སྐྲུན་པ་དང་། སོན་བཟང་དང་། ཐབས་ལམ། རྩལ་བཟང་བཅས་ཁྱབ་གདལ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་དེང་རབས་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད།  དེ་དང་ཆབས་ཅིག་གྲོང་གསེབ་ཀྱི་ཡུལ་མི་དང་དབུལ་སྒྲོལ་མི་འབོར་གྱི་རྒྱུན་མཐུད་འབབ་འཕར་གྱི་ལོ་གསུམ་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གྲོང་གསེབ་འཛུགས་སྐྲུན་དང་བཅོས་སྐྱོང་ཕན་ནུས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱེད་སར་བྱེད་པ་བཅས་བྱས་ཏེ་བདེ་ཆེན་གྱི“ཞིང་གསུམ”ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད།  

        2024ལོའི་ལས་དོན་སྐོར་གླེང་སྐབས་བདེ་ཆེན་ཁུལ་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་འགན་འཁུར་བས་“ང་ཚོས་ཞིང་པ་མང་ཚོགས་ཀྱི་གླེང་མང་བའི་དངོས་ཡོད་གནད་དོན་ལ་དམིགས་ཏེ་ཐོན་ལས་དང་པོའི་རིན་ཐང་འཕར་མ་6%ཡན་འཕར་བ་དང་གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་9%ཡན་འཕར་རྒྱུའི་འགན་ལེན་བྱ་རྒྱུ་ཡིན”ཞེས་བཤད་ཡོད།