གཉིད་ཆག་ན་སྙིང་རྩ་སྲ་འགྱུར་འབྱུང་བའི་ཉེན་ཁ་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-04   རྩོམ་ཁུངས།    青海藏文法治报

        འཚོ་བའི་ཁྲོད་གཉིད་ཆག་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད། ཡིན་ནའང་ཉེ་ལམ་སུའེ་ཏེན་རྒྱལ་ཁབ་ཀྱི་ཞིབ་འཇུག་ཅིག་ལས་འགྲོ་འཆག་ཉལ་འདུག་གི་དགོས་ངེས་ཚད་ལ་ཡང་བསྐྱར་བརྟག་དཔྱད་བྱས་པ་ལྟར་ན། དུས་རྒྱུན་གཉིད་ཆག་པའི་མིའི་སྙིང་གི་པྲོག་དབྱིབས་འཕར་རྩ་སྲ་མོར་འགྱུར་བའི་ཉེན་ཁ་ནི་སྔ་ཉལ་སྔ་ལངས་བྱེད་མཁན་གྱི་ལྡབ་གཉིས་ཡིན་པ་ཤེས་རྟོགས་བྱུང་། ཞིབ་འཇུག་འདི་ཡིས་ལོ50ནས64བར་གྱི་མི771གི་རྒྱུ་ཆར་དབྱེ་ཞིབ་བྱས་ཤིང་། དེའི་ཁྲོད་ནས་སྔོན་ཆད་སྙིང་རྩའི་ནད་བྱུང་མྱོང་མཁན་རྣམས་ཕུད། ཚོད་ལྟར་ཞུགས་མཁན་རྣམས་ཀྱི་ཆ་སྙོམས་ལོ་ཚོད57.6དང་། སྐྱེས་པས47.3%ཟིན་པར་བྱས་ཤིང་། CTབཤེར་འབེབས་སྤྱད་དེ་ཚོད་ལྟར་ཞུགས་མཁན་ཡོངས་ཀྱི་སྙིང་རྩ་སྲ་འགྱུར་བྱུང་ཡོད་མེད་ལ་དཔྱད་དཔོག་བྱས། 
        ཞིབ་འཇུག་ལས་མངོན་པར། རྒན་པ་འདི་དག་གི་ཁྲོད་དུ29%ལ་མངོན་གསལ་གྱི་སྙིང་རྩ་སྲ་འགྱུར་བྱུང་ཡོད་པ་དང་། སྔ་ཉལ་སྔ་ལངས་བྱེད་མཁན་གྱི་ཁྲོད་དུ22.2%ལ་མངོན་གསལ་གྱི་སྙིང་རྩ་སྲ་འགྱུར་བྱུང་ཡོད་ལ། རྒྱུན་པར་གཉིད་ཆག་མཁན་གྱི་ཁྲོད་དུ་སྙིང་རྩ་སྲ་འགྱུར་བྱུང་ཚད40.8%ལ་སླེབས་ཡོད། 
        སྙིང་རྩ་སྲ་འགྱུར་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཞན་ཕུད་རྗེས་མུ་མཐུད་དུ་དབྱེ་ཞིབ་བྱས་པ་ལྟར་ན། སྔ་ཉལ་སྔ་ལངས་བྱེད་མཁན་གྱི་མི་ཚོགས་དང་བསྡུར་ན། རྒྱུན་པར་ནམ་རིང་བོ་བསྐྱལ་མཁན་གྱི་མི་རྣམས་ཀྱི་སྙིང་རྩ་སྲ་འགྱུར་འབྱུང་བའི་ཉེན་ཁ90%ཡིས་མཐོ། ཞིབ་འཇུག་ལས་མངོན་པ་ལྟར་ན། ནད་བྱུང་བའི་སྔ་དུས་སུ། ཉིན་མཚན་གྱི་མཚམས་ཚིགས་ནི་སྙིང་དང་ཁྲག་རྩར་ཧ་ཅང་གལ་ཆེ་བས། དུས་རྒྱུན་གཉིད་ཆག་པ་ཡིས་སྙིང་རྩ་སྲ་འགྱུར་འབྱུང་མིན་དང་སྙིང་རྩ་སྲ་འགྱུར་འབྱུང་བའི་གོ་རིམ་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཀྱིན་ཡོད།