རྒྱ་བོད་གཞུང་ཡིག་ལོ་ཙཱའི་དཔྱད་བརྗོད་བྱེད་ཐབས་འགའ་བསྟན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-04   རྩོམ་ཁུངས།    青海藏文报

        གཞུང་ཡིག་ལོ་ཙཱ་ནི་རྩོམ་རིག་ལོ་ཙཱ་དང་མི་འདྲ་བའི་དམིགས་བསལ་གྱི་ཆ་དང་། སྒོས་སུ་མི་རིགས་རང་གི་ཡུན་རིང་ལོ་ཙཱའི་ལག་ལེན་གྱི་ཉམས་མྱོང་དང་མི་རིགས་གཞན་པའི་ཐབས་ཤེས་གསར་པ་མཉམ་བསྲེས་ཀྱི་སྒོ་ནས་རྒྱུན་སྤྱོད་ཀྱི་ཐབས་འགའ་བསྟན་ན།

དང་པོ། སྤྱི་ལྡོག་གི་དཔྱད་བརྗོད་བྱེད་ཐབས།

        འགྱུར་མ་སྤྱི་ལ་དཔྱད་ཐབས་འདི་ནི་ལོ་ཙཱའི་དཔྱད་བརྗོད་ཁྲོད་དུས་རྒྱུན་དུ་སྤྱོད་པའི་སྤྱིར་བཏང་གི་ཐབས་ཤིག་ཡིན་ཞིང་། དེ་ནི་སྤྱི་ཁོག་གམ་ཆེ་ཕྱོགས་ནས་འགྱུར་རྩོམ་ལ་དཔྱད་པ་གཏོང་དགོས་པ་ཞིག་སྟེ། གཙོ་བོར་མ་ཡིག་གི་བརྗོད་བྱའི་དོན་གལ་ཆེ་རབས་དང་། རྗོད་བྱེད་ཚིག་གི་སྤྱོད་སྟངས། རྩོམ་ཡིག་ཧྲིལ་པོའི་ཁྱད་ཆོས་བཅས་ལ་རྒྱུས་ལོན་གསལ་པོ་ཞིག་བྱས་པའི་རྨང་གཞིའི་སྟེང་། མ་ཕྱིའི་ཁྱད་ཆོས་རྣམས་འགྱུར་མའི་ཁྲོད་ཇི་བཞིན་མངོན་ཐུབ་ཡོད་མེད་དང་། མ་ཕྱི་དང་འགྱུར་མ་གཉིས་ཕལ་ཆེར་མཚུངས་པའི་རྣམ་པ་ཅན་དུ་འགྱུར་ཡོད་མེད་སོགས་བརྗོད་བྱ་དང་རྗོད་བྱེད། རྩོམ་གཤིས་བཅས་ཕྱོགས་གསུམ་ནས་འགྱུར་ཧྲིལ་པོའི་ཁྱད་ཆོས་ལ་དབྱེ་ཞིབ་དང་གདེང་འཇོག་བྱས་ཏེ་འགྱུར་མའི་ཀློག་པ་པོས་འགྱུར་རྒྱུས་གཏིང་ཟབ་ཅིག་ལོན་པར་བྱ་དགོས་པ་དེ་ཡིན། དཔེར་ན།《མི་རིགས་སྐད་ཡིག་གི་ལམ་ནས་གཞུང་ཡིག་ལོ་ཙཱ་བྱེད་སྟངས་དང་མྱོང་ཚོར་ཁ་ཤས》ཞེས་པའི་དཔྱད་རྩོམ་དུ། ཏང་སྲིད་གཞུང་ཡིག་ལོ་ཙཱའི་ལས་དོན་ལ་སྤྱི་ལྡོག་ནས་དབྱེ་ཞིབ་དང་མྱོང་བ་བརྗོད་ཡོད་དེ། གཅིག་ནས་ཡིག་ཆའི་པར་མགོ་ཡི་ལོ་ཙཱ་བྱེད་སྟངས་དང་། གཉིས་ནས་གཞུང་ཡིག་ཁ་བྱང་གི་ལོ་ཙཱ་བྱེད་སྟངས། གསུམ་ནས་གཞུང་ཡིག་འགྲེམ་སྤེལ་འབྲེལ་བ་ཡི་ལོ་ཙཱ་བྱེད་སྟངས། བཞི་ནས་གཞུང་ཡིག་དངོས་གཞིའི་ལོ་ཙཱ་བྱེད་སྟངས། ལྔ་ནས་གཞུང་ཡིག་གི་མིང་འགོད་པ་དང་ཐམ་ཀ་རྒྱག་པ། བཏང་ཡིག་གི་ལོ་ཟླ་ཚེས་གྲངས་འབྲི་བ་སོགས་ཀྱི་ལོ་ཙཱ་བྱེད་སྟངས། དྲུག་ནས་ཡིག་ཆ་ལོ་ཙཱ་ཡི་མིང་འདེབས་སྟངས་སོགས་ཟུར་དྲུག་ནས་བརྗོད་ཅིང་། བྱེ་བྲག་ཏུ་གཞུང་ཡིག་ལོ་ཙཱ་ལེགས་པོ་ཞིག་འཁྱོངས་པར་གནད་གསུམ་ནས་འཛིན་དགོས་པ་སྟེ། དང་པོ་ལོ་ཙཱ་ཡི་འགག་དང་གཉིས་པ་གཏན་འབེབས་ཀྱི་འགག  གསུམ་པ་ཞུས་དག་གི་འགག་བཅས་ནས་འཛིན་དགོས་པ་སོགས་སྤྱི་ཁོག་ནས་གཞུང་ཡིག་ལོ་ཙཱའི་ཁྲོད་ཀྱི་དཀའ་ཁག་གསལ་འདོན་དང་སྐྱོན་སེལ་བྱས་ཡོད་པ་ལྟ་བུའོ། །

        གཉིས་པ། བྱེ་བྲག་གི་དཔྱད་བརྗོད་བྱེད་ཐབས།

        ལོ་ཙཱ་ནི་སྐད་དང་ཡི་གེ་རྣམ་འགྱུར་བཅས་ཀྱི་སྒོ་ནས་མ་གཞིའི་བརྗོད་བྱ་དང་རྗོད་ཐབས། ཁྱད་ཆོས། རྣམ་འགྱུར། སྒྱུ་རྩལ་ལ་སོགས་ཡང་དག་པར་ཅི་ནུས་ཀྱིས་ཡང་བསྐྱར་མཚོན་དུ་འཇུག་པའི་ཐབས་དང་གོ་རིམ་ལ་གོ་དགོས་པ་དང་། མིའི་རིགས་ཕན་ཚུན་འབྲེལ་འདྲིས་ཀྱི་ཐབས་ཉག་ཅིག་ཡིན་པར་མ་ཟད། གཙོ་བོ་སྐད་ཆ་ལ་བརྟེན་ནས་མཚོན་པ་ཡིན་ཕྱིར་ལོ་ཙཱ་ནི་སྐད་ཆ་དང་འབྲལ་མི་རུང་ལ། ཐོག་མར་སྐད་ཆ་སྟེ་ཐ་སྙད་གཅིག་གམ་ཚིག་གཅིག་ཡང་ན་རྩོམ་ཧྲིལ་པོའི་ཚིག་སྦྱོར་བཀོལ་སྟངས་སོགས་འགྱུར་ཡིག་གི་བརྡ་སྤྲོད་ལུགས་དང་ཚིག་གི་སྦྱོར་ཚུལ་བཅས་ལ་མཐུན་མིན་ནི་དཔྱད་བརྗོད་པའི་ཐོག་མའི་དཔྱད་བྱ་ཡིན། དེ་བས་འགྱུར་མའི་སྐད་ཆར་དབྱེ་ཞིབ་བྱེད་པ་ནི་དཔྱད་བརྗོད་སྐབས་ཀྱི་ཧ་ཅང་གལ་འགངས་ཆེ་བའི་ལས་ཤིག་ཡིན་པར་མ་ཟད། མ་ཕྱིའི་བརྗོད་བྱ་དང་རྗོད་ཐབས། རྩོམ་གཤིས་སོགས་འགྱུར་མའི་ཁྲོད་ཇི་མ་ཇི་བཞིན་དུ་ཕྱིར་མངོན་ཐུབ་མིན་ཡང་མཐར་གཏུགས་ན་ཐ་སྙད་ཀྱི་གདམ་གསེས་དང་འགྱུར་མའི་སྐད་ཆ་ལ་བྱང་ཆ་ཡོད་མེད་སོགས་ལ་རག་ལས་ཡོད། ཐབས་འདི་གཙོ་བོ་སྐད་རིགས་སོ་སོའི་བརྡ་སྤྲོད་གཞུང་ལུགས་རྒྱབ་རྟེན་དུ་བྱས་ཏེ་ལོ་ཙཱའི་འགྲིག་མིན་ལ་གདེང་འཇོག་བྱེད་ན་ལོ་ཙཱའི་ལག་ལེན་དང་རང་མི་རིགས་ཀྱི་སྐད་ཆར་ལྷད་མ་ཞུགས་པར་ཡང་དག་ངང་འཕེལ་བར་མཛུབ་སྟོན་དང་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་སྲིད། དཔེར་ན།《རྒྱ་བོད་གཞུང་ཡིག་ལོ་ཙཱའི་ཁྲོད་ཀྱི་རྒྱ་སྐད་ཅན་གྱི་གནད་དོན་རགས་ཙམ་གླེང་བ》ཞེས་པར། རྒྱ་བོད་གཞུང་ཡིག་ལོ་ཙཱའི་གོ་རིམ་ཁྲོད་དུ་རྒྱ་ཡིག་གི་རྗེས་སུ་འབྲངས་ནས་རྒྱ་སྐད་ཅན་གྱི་ལོ་ཙཱ་བྱེད་སྟངས་གསེད་བཀྲོལ་བྱས་པ་བརྒྱུད་དེ། གནད་དོན་དེ་བྱུང་བའི་རྒྱུ་རྐྱེན་དང་ངོ་བོ། ཐག་གིས་གཅོད་ཐབས་སོགས་བརྗོད་ཡོད་དེ། གཅིག་ནས་རྒྱ་སྐད་ཀྱི་རྗེས་སུ་འབྲངས་པའི་གནད་དོན་བྱུང་བའི་རྒྱུ་རྐྱེན་བརྗོད་པ་དང་། གཉིས་ནས་བརྡ་སྤྲོད་ཀྱི་སྟེང་དང་གཤིས་ལུགས་ཀྱི་སྟེང་། རྣམ་པའི་སྟེང་སོགས་ནས་རྒྱ་སྐད་ཀྱི་རྗེས་སུ་འབྲངས་པའི་གནད་དོན་གྱི་ངོ་བོའི་ཁྱད་རྟགས་གླེང་ཞིང་། གསུམ་ནས་རྒྱ་སྐད་ཀྱི་རྗེས་སུ་འབྲངས་པའི་གནད་དོན་གྱི་ཐག་གཅོད་བྱེད་ཐབས་ཏེ་སྟོབས་དང་ལྡན་པའི་སྒྲིག་འཛུགས་ལས་ཁུངས་ཤིག་གཟུག་དགོས་པ་དང་གཅིག ལོ་ཙཱའི་ལས་དོན་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་པ་དང་གཉིས། ཆེད་དམིགས་ཀྱི་ཆེད་ལས་ལག་རྩལ་དཔུང་སྡེ་ཞིག་གསོ་སྐྱོང་དགོས་པ་དང་གསུམ་སོགས་ཕྱོགས་ཆེ་བ་གསུམ་ནས་བརྗོད་དེ། གཞུང་ཡིག་ལོ་ཙཱའི་གོ་རིམ་ཁྲོད་དུ་བསྒྱུར་བྱའི་མ་ཡིག་གི་རྗེས་སུ་འབྲངས་ནས་རང་སྐད་ལ་ལྷད་ཞུགས་སུ་མ་བཅུག་པར་སྐད་སྲོལ་ཡིག་སྲོལ་དང་མཐུན་པའི་གཞུང་ཡིག་ལོ་ཙཱ་ཞིག་འཁྱོངས་པར་གཞེན་སྐུལ་དང་ཕྱོགས་སྟོན་བྱས་ཡོད་པ་དང་། ཡང《གཞུང་ཡིག་ལོ་ཙཱའི་ཁྲོད་འབྱུང་སླ་བའི་འགྱུར་སྐྱོན་འགའ་དང་དེ་དག་གི་སྐྱོན་སེལ་བཤད་པ》ཞེས་པའི་དཔྱད་རྩོམ་དུ། ལོ་ཙཱ་བས་གཞུང་ཡིག་སྒྱུར་སྐབས་ཐ་སྙད་ཚད་ལྡན་བཀོལ་རྒྱུར་དོ་སྣང་བྱེད་དགོས་ཤིང་དེའི་བསྟན་དོན་ཇི་བཞིན་མཚོན་པར་བྱེད་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པས། ད་ལྟ་མིང་བརྡ་དང་ཚིག་ལས་བྱུང་བའི་འགྱུར་སྐྱོན་ཡོད་པ་དེ་དག་སེལ་ཐབས་སྐོར་ལ་ལྟ་ཚུལ་བརྗོད་པ་དང་སྦྲགས་ནས་དཔེར་བརྗོད་ཀྱང་བཀོད་ཡོད་དེ། གཅིག་ནས་མིང་བརྡ་ལས་བྱུང་བའི་འགྱུར་སྐྱོན་དང་དེ་དག་གི་སྐྱོན་སེལ་བཤད་ཅིང་། བྱེ་བྲག་ཏུ་བོད་རང་ལ་སྔ་མོ་ནས་ཡོད་པའི་འོས་འཚམ་གྱི་མིང་བརྡ་སྤྱོད་དགོས་པ་དང་གཅིག ཚིག་གདོང་ཇི་བཞིན་བསྒྱུར་བའི་འགྱུར་སྐྱོན་དང་དེའི་སྐྱོན་སེལ་བཤད་པ་དང་གཉིས་བཅས་ཕྱོགས་གཉིས་ནས་བསྟན་པ་དང་། གཉིས་ནས་ཚིག་གི་འགྱུར་སྐྱོན་འགའ་དང་དེ་དག་གི་སྐྱོན་སེལ་བཤད་ཅིང་། བྱེ་བྲག་ཏུ་ཚིག་གདོང་ལ་བསྟུན་དྲགས་པའི་འགྱུར་སྐྱོན་དང་དེའི་སྐྱོན་སེལ་བཤད་པ་དང་གཅིག  ཚིག་གི་གཅོད་མཚམས་ཉམས་པའི་འགྱུར་སྐྱོན་དང་དེའི་སྐྱོན་སེལ་བཤད་པ་དང་གཉིས། ཚིག་གི་གོ་རིམ་ཇི་བཞིན་བསྒྱུར་བའི་འགྱུར་སྐྱོན་དང་དེའི་སྐྱོན་སེལ་བཤད་པ་དང་གསུམ་བཅས་ཕྱོགས་གསུམ་ནས་བརྗོད་པ་སོགས། གཞུང་ཡིག་སྒྱུར་དུས་འབྱུང་སླ་བའི་འགྱུར་སྐྱོན་འགའ་ཁོལ་དུ་ཕྱུང་ནས་དེ་དག་གི་འབྱུང་རྐྱེན་དང་སྐྱོན་སེལ་སྐོར་གླེང་ནས་མིང་བརྡའི་གོ་བ་མི་གསལ་བ་དང་བསྟན་དོན་ཇི་བཞིན་མ་ཐོན་པ། དགོས་མེད་ཀྱི་ཚིག་ལྷག་དང་བསྐྱར་ཟློས་མང་བ། ཡང་ན་བརྗོད་བྱ་གང་འདོད་དུ་འདོར་བའམ་ཁ་གསབ་བྱེད་པ་བཅས་ཀྱི་སྐྱོན་ལ་ཡོ་བསྲང་བྱས་ཡོད་པ་ལྟ་བུའོ། །

        གསུམ་པ། བསྡུར་བའི་དཔྱད་བརྗོད་བྱེད་ཐབས།

        སྤྱིར་བཤད་ན་བརྩམས་ཆོས་གཅིག་ལ་འགྱུར་མི་འདྲ་བ་གཉིས་སམ་དུ་མ་འབྱུང་བ་ནི་ལོ་ཙཱའི་བྱ་གཞག་ཁྲོད་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན་ལ། ལོ་ཙཱ་བ་སོ་སོའི་དམིགས་ཡུལ་དང་ཡོན་ཚད། སྒྱུར་སྟངས་སོགས་མི་འདྲ་བའི་དབང་གིས་བརྩམས་ཆོས་གཅིག་ལ་འགྱུར་འདྲ་མིན་དུ་མ་བྱུང་བ་རེད། ཡང་གཅིག་བཤད་ན། འཇིག་རྟེན་འདི་ན་ལོ་ཙཱ་བ་གཉིས་ཀྱི་འགྱུར་ཡིག་ཆ་འདྲ་བ་གཅིག་ཀྱང་མེད་པས། བརྩམས་ཆོས་གཅིག་ལ་འགྱུར་དུ་མ་འབྱུང་བའི་རྐྱེན་གྱིས་ང་ཚོས་འགྱུར་ཡིག་ཁག་ལ་གཤིབ་བསྡུར་བྱས་ན་འགྱུར་སོ་སོའི་སྐྱོན་ཤེས་ཐུབ་ཅིང་འགྱུར་མའི་བཟང་ངན་ཡང་རྟོགས་ནུས། དེས་ན་འགྱུར་བར་གྱི་གཤིབ་སྡུར་བྱེད་པར་ཐོག་མར་འགྱུར་ཡིག་དང་མ་ཡིག་གཉིས་བསྡུར་ནས་ཀློག་པ་དང་། ཡང་ན་འགྱུར་མ་སོ་སོའི་ཐ་སྙད་རེ་རེ་དང་། ཚིག་རེ་རེ། ཚིག་རྒྱན་གྱི་སྦྱོར་ཚུལ། སྒྱུར་ཐབས་སོགས་ཅུང་ཕྲ་ཞིང་ཞིབ་པའི་སྒོ་ནས་གཤིབ་སྡུར་བྱས་པ་བརྒྱུད། འགྱུར་མའི་ཀློག་པ་པོས་འགྱུར་མའི་སྐྱོན་ཡོན་གྱི་དབྱེ་བ་གསལ་པོར་འབྱེད་ཐུབ་ལ།འགྱུར་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ངང་གིས་རྟོགས་ཐུབ། དཔེར་ན།《ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་གྱི་སྐབས་སྲིད་ཡིག་དེབ་ཀྱི་བརྡ་ཆད་བོད་འགྱུར་གྱི་རིམ་འགྱུར་དང་དེའི་ལོ་ཙཱའི་ཐབས་ཇུས་ཀྱི་ཞིབ་འཇུག—〈ཀྲུང་གོའི་འབངས་སྲིད་གྲོས་ཚོགས་སྤྱི་མཉམ་གྱི་རྩ་ཚིག〉བོད་འགྱུར་མ་དཔེར་བཟུང་བ》ཞེས་པའི་དཔྱད་རྩོམ་དུ།《ཀྲུང་གོའི་འབངས་སྲིད་གྲོས་ཚོགས་སྤྱི་མཉམ་གྱི་རྩ་ཚིག》བོད་འགྱུར་མ་དཔེར་བཟུང་ནས་ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་གྱི་སྐབས་སྲིད་ཡིག་དེབ་ཀྱི་རྒྱ་བོད་ལོ་ཙཱའི་ཁྲོད་ཀྱི་གཞི་རྩའི་ཐ་སྙད་དང་གནད་འགག་བརྡ་ཆད་ཀྱི་འགྱུར་མིང་གི་རིམ་འགྱུར་གནས་ཚུལ་དང་དེའི་རྒྱུ་རྐྱེན་གླེང་ཞིང་། མིག་སྔའི་ལོ་ཙཱའི་གཞུང་ལུགས་དང་ཟུང་དུ་སྦྲེལ་ནས་ཚིག་གི་ལོ་ཙཱའི་ཐབས་ཇུས་བརྗོད་ཡོད་པ་མ་ཟད།《ཀྲུང་གོའི་འབངས་སྲིད་གྲོས་ཚོགས་སྤྱི་མཉམ་གྱི་རྩ་ཚིག》གི་འགྱུར་ཡིག་དང་ད་ལྟའི་ཐུན་མོང་གི་སྒྱུར་སྟངས་གཉིས་བསྡུར་བ་བྱས་པ་བརྒྱུད་ནས། འགྱུར་ཡིག་དེ་ནི་རྒྱ་བོད་གཞུང་ཡིག་ལོ་ཙཱའི་ཁྲོད་ཀྱི་ལམ་མཚམས་འབྱེད་པའི་རྡོ་རིང་ལྟ་བུ་ཡིན་ཚུལ་བརྗོད་ཡོད་དེ། གཅིག་ནས《སྤྱི་མཉམ་གྱི་རྩ་ཚིག》གི་འགྱུར་ཡིག་གཉིས་བསྡུར་བ་བྱས་པ་དང་། གཉིས་ནས་མིང་མང་འགྱུར་གཅིག་གི་སྣང་ཚུལ་དང་མིང་གཅིག་འགྱུར་མང་གི་སྣང་ཚུལ། སྒྲ་སྒྱུར་དང་སྒྲ་དོན་འདྲེས་སྒྱུར་གྱི་སྣང་ཚུལ། ཐ་སྙད་གཏན་ཁེལ་མིན་པའི་སྣང་ཚུལ། འགྲེལ་སྒྱུར་དང་བསྡུས་སྒྱུར་གྱི་རིམ་འགྱུར་སྣང་ཚུལ་སོགས《སྤྱི་མཉམ་གྱི་རྩ་ཚིག》གི་འགྱུར་ཡིག་ཁྲོད་ཀྱི་འགྱུར་མིང་གི་འགྱུར་བ་བསྟན་པ། གསུམ་ནས《སྤྱི་མཉམ་གྱི་རྩ་ཚིག》འགྱུར་ཡིག་ཁྲོད་ཀྱི་སྐབས་སྲིད་བརྡ་ཆད་ཀྱི་སྒྱུར་སྟངས་བསྡུར་བ་བྱས་པ་དང་། ཡང《〈ཐུན་མོང་རྩ་འཛིན〉བོད་འགྱུར་མ་གཉིས་ཀྱི་དཔྱད་བསྡུར》ཞེས་པའི་དཔྱད་རྩོམ་དུ།《ཐུན་མོང་རྩ་འཛིན》གྱི་བོད་འགྱུར་མ་གཉིས་ངོ་སྤྲོད་མདོར་བསྡུས་བྱས་པའི་འཕྲོར། བོད་འགྱུར་མ་གཉིས་ཀྱི་མིང་དང་ཚིག་གི་སྒྱུར་ཐབས་སྡུར་དཔྱོད་བྱས་པ་དང་། འགྱུར་གཉིས་ཀས་དུས་སྐབས་གསར་པའི་རྒྱ་བོད་ལོ་ཙཱར་ཐེབས་པའི་ཤུགས་རྐྱེན་ལ་དཔྱད་པ་བཏང་ཡོད་པ་ལྟ་བུའོ། །

        མདོར་ན། ལོ་ཙཱའི་དཔྱད་བརྗོད་བྱེད་ཐབས་ནི་གཏན་ཚིགས་རིག་པའི་ཐད་དང་སྐད་བརྡ་རིག་པའི་ཐད། བསྡོམས་རྩིས་རིག་པའི་ཐད། སྐད་དོན་རིག་པའི་ཐད། པར་གཞི་རིག་པའི་ཐད། མཛེས་སྡུག་རིག་པའི་ཐད་སོགས་ཟུར་མང་པོ་ཞིག་མཆིས་ན་ཡང་སྐབས་འདིར་རྒྱ་བོད་གཞུང་ཡིག་ལོ་ཙཱའི་དམིགས་བསལ་གྱི་ཆ་ལ་གཞིགས་ཏེ་སྤྱི་དང་བྱེ་བྲག སྡུར་བ་བཅས་ཀྱི་དཔྱད་བརྗོད་བྱེད་ཐབས་བསྟན་ཞིང་། དེ་ཡང་དཔྱད་བརྗོད་བྱེད་མཁན་སོ་སོའི་ཡོན་ཏན་དང་དམིགས་ཡུལ། བྱ་ཡུལ། ཐབས། ཁ་ཕྱོགས་སོགས་མི་འདྲ་བའི་དབང་གིས་དཔྱད་བརྗོད་བྱས་པ་ཡང་འདྲ་མིན་སྣ་ཚོགས་སུ་སྣང་། དེ་བས་དཔྱད་བརྗོད་བྱེད་མཁན་དག་གིས་རང་རང་གི་ལག་ལེན་གྱི་ཉམས་མྱོང་སོགས་ལ་གཞིགས་ཏེ་གང་ལ་ཅི་འགབ་དེ་ལ་དེ་འཚམ་དུ་དཔྱད་པ་སྣ་ཚོགས་བྱེད་རྒྱུ་ལས་ཕྱོགས་རེས་དང་རང་འདོད་ཀྱི་དབང་དུ་མི་ཚུད་པར་གཞུང་ལུགས་ཀྱི་རྒྱ་ཡིས་ཡོངས་སུ་བསྡམས་ཏེ་དཔྱད་པ་གཏོང་རྒྱུ་གལ་ཆེན་ཡིན་ནོ། །