འབའ་ལུང་ནས་ཀྲུང་གོ་སྣ་མའི་མེ་ཏོག་ཐོན་ལས་འཕེལ་རྒྱས་གླེང་སྟེཊ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ2པའི་ཚེས28ཉིན།སྐབས་བཅུ་གཅིག་པའི་ཀྲུང་གོའི་སྣ་མའི་མེ་ཏོག་ཐོན་ལས་འཕེལ་རྒྱས་གླེང་སྟེགས་འབའ་ལུང་རྫོང་ནས་སྤེལ་བ་རེད།ཀྲུང་གོ་མེ་ཏོག་མཐུན་ཚོགས་སྣ་མའི་མེ་ཏོག་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་དང་།ཀྲུང་གོའི་མེ་ཏོག་ཚན་རིག་ཞིབ་འཇུག་སློབ་ཁྲིད་ལས་ཁུངས་ཀྱི་ཆེད་མཁས་པ།སྣ་མའི་མེ་ཏོག་ཁེ་ལས་ཀྱི་འཐུས་མི་དང་སྣ་མའི་མེ་ཏོག་འདེབས་འཛུགས་དུད་ཚང་།ནགས་རྩྭ་དང་དེ་བཞིན་ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་མཉམ་དུ་འཛོམས་ནས་སྣ་མའི་མེ་ཏོག་ཐོན་ལས་འཕེལ་རྒྱས་དང་སྲུང་སྐྱོང་ལ་ཐུན་མོང་ཐོག་གླེང་མོལ་བྱས་ནས་སྣ་མའི་མེ་ཏོག་ཐོན་ལས་དང་གྲོང་གསེབ་དར་རྒྱས་མཉམ་འགུལ་ལ་སྐུལ་འདེད་བཏང་བ་རེད།

    ཚོགས་འདུའི་ཐོག་སྣ་མའི་མེ་ཏོག་ཆེད་མཁས་ཀྱིས་མིག་སྔའི་སྣ་མའི་མེ་ཏོག་འདེབས་གསོ་དང་ཐོན་ལས། སྣ་མའི་མེ་ཏོག་ནུས་ཆེའི་འདེབས་གསོ་དང་ནད་འབུའི་གནོད་འཚེ་སྔོན་འགོག་ཚོད་འཛིན་སོགས་ཐད་རྒྱས་བཤད་དང་ཉམས་མྱོང་སྤེལ་རེས་བྱས་པ་རེད།

    ཡུན་ནན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀའོ་ཅང་ཡུན་གྱིས་ཚོགས་འདུའི་ཐོག《འབུ་ཕྲ་རྩ་བའི་འབུ་ཕྲས་སྣ་མའི་རིགས་རྩི་ཤིང་གསོ་སྐྱོང་དང་ཐོན་ལས་ཁྲོད་ཀྱི་ཉེར་སྤྱོད》ཅེས་པའི་སྙན་ཞུ་བྱས་ནས་སྣ་མའི་རིགས་རྩི་ཤིང་སྲུང་སྐྱོང་དང་སྣ་མའི་རིགས་རྩི་ཤིང་གི་ཁྱད་ཆོས་སོགས་ཀྱི་ཐད་འགྲེལ་བཤད་བརྒྱབ་པ་རེད།

    ཀྲུང་གོ་མེ་ཏོག་མཐུན་ཚོགས་སྣ་མའི་མེ་ཏོག་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན།ཀོང་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་ཁོར་ཡུག་ལྡུམ་རའི་ལག་རྩལ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲུའུ་ཀེན་ཧྥ་ཡིས་《སྣ་མའི་མེ་ཏོག་གི་སོན་གསོ་དང་ཐོན་ལས》སྐོར་གཏམ་བཤད་གནང་ནས།རང་རྒྱལ་གྱི་སྣ་མའི་མེ་ཏོག་གི་རིགས་དང་སོན་གསོའི་འཕེལ་རིམ། རྒྱལ་ཁབ་ཀྱི་སྣ་མའི་མེ་ཏོག་གཟིགས་དཔྱད་དང་སོན་གསོའི་དམིགས་འབེན།རྒྱལ་ཁབ་ཀྱི་སྣ་མའི་མེ་ཏོག་གི་སོན་གསོ་དང་ཐོན་ལས་ཅན་དུ་འགྱུར་བའི་གནད་འགག་བཅས་ལ་དོན་ཟབ་ཅིང་གོ་སླ་བའི་རྒྱས་བཤད་གནད་ལ་འཕིགས་པ་གནང་བ་རེད།

    ཧྥུ་ཅན་ཚན་རིག་ལག་རྩལ་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་འདྲི་གཅོད་པ་ལིའུ་དབྱི་ཞུའེ་ཡིས་《ཀྲུང་གོའི་སྲོལ་རྒྱུན་མཛེས་རིག་སྙིང་སྟོབས་དང་སྣ་མའི་མེ་ཏོག་གི་གཟིགས་དཔྱད》ཅེས་པ་བརྗོད་གཞིར་བྱས་ནས།ཅི་ཞིག་ནི་སྣ་མའི་རིག་གནས་དང་རུའུ་ལུགས་པའི་མཛེས་རིག་སྙིང་སྟོབས།ནང་བསྟན་གྱི་མཛེས་རིག་སྙིང་སྟོབས།ཏའོ་ལུགས་པའི་མཛེས་རིག་སྙིང་སྟོབས།སྲོལ་རྒྱུན་གྱི་སྣ་མའི་ལྟ་བ་སོགས་ལ་འགྲེལ་བཤད་ཞིབ་ཕྲ་བྱས་པ་རེད།

    ཀོང་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་ཁོར་ཡུག་ལྡུམ་རའི་ལག་རྩལ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་དབྱང་ཧྥུང་ཞིས་ཀྱིས་《སྣ་མའི་མེ་ཏོག་ནུས་ཆེའི་འདེབས་གསོ་དང་ནད་འབུའི་གནོད་འཚེ་མེད་པར་གཏོང་བ》ཞེས་པའི་སྙན་ཞུ་གནང་ནས།སྣ་མའི་མེ་ཏོག་ནུས་ཆེའི་འདེབས་གསོ་དང་དོ་དམ།དེ་བཞིན་སྣ་མའི་མེ་ཏོག་གི་ནད་འབུའི་གནོད་འཚེ་འགོག་བཅོས་ཞིབ་འཇུག་ལས་དོན་སོགས་ལ་འགྲེལ་བཤད་བརྒྱབ་པ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན།ཀྲུང་གོའི་སྣ་མའི་མེ་ཏོག་ཐོན་ལས་འཕེལ་རྒྱས་གླེང་སྟེགས་ནི་རྒྱལ་ནང་གི་སྣ་མའི་མེ་ཏོག་ཚོགས་ཆེན་གྱི་ཚད་གཞི་མཐོ་ཤོས་དང་།ཁྱབ་ཁོངས་ཆེ་ཤོས།ཤུགས་རྐྱེན་ཆེ་ཤོས་བཅས་ཀྱི་ཐོན་ལས་གླེང་སྟེགས་ཤིག་ཡིན།དམིགས་ཡུལ་ནི་སྣ་མའི་མེ་ཏོག་ཐོན་ལས་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བར་ཡོངས་ཁྱབ་རང་བཞིན་དང་ཆོས་ཉིད་རང་བཞིན་ལྡན་པའི་ཀུན་གྱིས་དོ་སྣང་བྱེད་པའི་གནད་དོན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་ཏེ། ཐོན་ལས་ཀྱི་བློ་གྲོས་གོང་བུར་འགྲིལ་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ། རྒྱལ་ཁབ་ཕྱི་ནང་གི་སྣ་མའི་མེ་ཏོག་ལས་རིགས་སྤེལ་རེས་དང་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བ། རང་རྒྱལ་གྱི་སྣ་མའི་མེ་ཏོག་ཐོན་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་དེ་ཡིན་པ་རེད།