མཚོ་སྔོན་གྱི་གནའ་རྫས་རྟོག་ཞིབ་གཅིག་ལོ་འཁོར་གྱི་རྒྱལ་ཡོངས་གནའ་རྫས་རྟོག་ཞིབ་ཆེན་པོ་བཅུའི་མཐའ་མའི་དཔྱད་བསྡུར་ཁྲོད་ཚུད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-23   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        ཟླ2པའི་ཚེས20ཉིན2023ལོའི་རྒྱལ་ཡོངས་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་ཆེན་པོ་བཅུའི་མཇུག་འབྲས་ཡོངས་བསྒྲགས་བྱས་པ་དང་། དེའི་ནང་དུ་བསྡོམས་པས་རྣམ་གྲངས22ཚུད་ཡོད་ལ། མཚོ་སྔོན་ཏུའུ་ལན་ཤའར་ཡ་མ་ཁོ་པོའི་གནའ་ཤུལ་རྣམ་གྲངས་དེའི་ནང་ཚུད་ཡོད།

        ཤའར་ཡ་མ་ཁོ་པོའི་གནའ་ཤུལ་དེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་པ་ལུང་ཤང་དུ་ཡོད་པ་དང་། དེ་ནི་གནས་ཤུལ་དང་དུར་ས་གཉིས་ཀ་ཡོད་པའི་ནུའོ་མུའུ་ཧུང་རིག་གནས་འདུས་ས་ཞིག་རེད། ལོ་རབས་ནི་སྤྱི་ལོ་སྔོན་གྱི1500ལོ་ནས་སྤྱི་ལོ་སྔོན་གྱི1000ལོའི་གཡས་གཡོན་བར་ཡིན་པ་དེ་ནི་ཀྲུང་ཡོན་ས་ཁུལ་གྱི་ཧྲང་ཀྲོའུ་དུས་སྐབས་དང་འདྲ་མཚུངས་རེད། 2021ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ནུབ་བྱང་སློབ་ཆེན་རིག་གནས་ཤུལ་བཞག་སློབ་གླིང་དང་མཉམ་འབྲེལ་བྱས་ཏེ། ཤའར་ཡ་མ་ཁོ་པོའི་གནའ་ཤུལ་དུ་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས། གནའ་ཤུལ་དེའི་གནའ་རྫས་རྟོག་ཞིབ་སྔོག་འདོན་རྣམ་གྲངས་ཀྱི་འགན་འཁུར་བ་ཏུའུ་ཝུའེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། 2023ལོར་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ500ཟིན་པ་ཞིག་སྔོག་འདོན་བྱས་པ་དང་རྩད་ཞིབ་དང་སྔོག་འདོན་ཟུང་འབྲེལ་བྱས་ནས། གནའ་ཤུལ་གྱི་སྤྱིའི་རྒྱ་ཁྱོན་དང་ནུས་པ་དབྱེ་འབྱེད་གཏན་འཁེལ་བྱས། སྡོད་གནས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི7ཡས་མས་ཡོད་པ་དང་། དེ་རུ་རྡོ་རྩིག་དང་། སྡོད་ཁང་འཛུགས་སྐྲུན་གྱི་གཞི་གནས། ཟངས་སོགས་གནའ་ཤུལ་གལ་ཆེན་རྙེད་ཡོད།

        གཞན་ད་དུང་། མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་གནའ་ཤུལ་དེ་རུ་བང་སོ་གསུམ་རྙེད་པ་དང་དེའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི12ཡོད་པ་དང་། ཁྱོན་སྡོམ་བང་སོ3228ཡོད་པ་མ་ཟད་ད་ལྟའི་བར་བང་སོ52སྔོག་འདོན་བྱས་ཡོད། མིག་སྔར། རྫ་ཆས་དང་ཟངས་ཆས། རྡོ་ཆས། རུས་ཆས། ཤིང་ཆས། བསླས་མ་དང་མིའི་རུས་པ། སྲོག་ཆགས་དང་རྩི་ཤིང་གི་ཤུལ་བཞག་མང་པོ་རྙེད་ཡོད་པས། དེ་དག་གིས་ནའོ་མུའུ་ཧུང་རིག་གནས་ཞིབ་འཇུག་ལ་དངོས་རྫས་ཀྱི་དཔྱད་གཞི་འབོར་ཆེན་འདོན་སྤྲོད་བྱས་ཡོད། ནུའོ་མུའུ་ཧུང་རིག་གནས་ནི་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལི་ཆས་སྤྱོད་པའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་ཤིག་ཡིན་པ་དང་གཙོ་བོ་ཚྭ་འདམ་གཤོངས་ས་དང་དེའི་མཐའ་འཁོར་ས་ཁུལ་དུ་ཁྱབ་ཡོད། ཤའར་ཡ་མ་ཁོ་པོའི་གནའ་ཤུལ་ནི་ནའོ་མུའུ་ཧུང་རིག་གནས་ཀྱི་དཔེ་མཚོན་ཞིག་ཡིན་ཞིང་། ཤུལ་བཞག་ཕུན་སུམ་ཚོགས་ལ་ཉར་ཚགས་ཀྱང་ཡག་པོ་ཡོད་པས་སྔོག་འདོན་གྱི་རིན་ཐང་ཆེན་པོ་ལྡན། ཐེངས་འདིར་སྔོག་འདོན་བྱས་པ་ལས་ཚྭ་འདམ་གཤོངས་སའི་ལོ་རྒྱུས་ཀྱི་ཡུན་རིང་པ་དེ་ར་སྤྲོད་བྱུང་བ་དང་མཚོ་བོད་ས་མཐོའི་དཔལ་ཡོན་གྱི་ལོ་རྒྱུས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན། །