གློག་བརྙན«གསའ»ལ་བྱ་དགའ་ཆེན་པོ་གསུམ་ཐོབ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-21   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        ཉེ་སྔོན། ཧྥ་རན་སིའི་ཝའེ་སོ་ཨར་ཡ་གླིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་སུམ་ཅུ་བའི་སྟེང་། པདྨ་ཚེ་བརྟན་གྱི་གློག་བརྙན«གསའ»ལ་གློག་བརྙན་རྩེ་གྲའི་གསེར་གྱི་འཁོར་གསུམ་གཟེངས་རྟགས་དང་ཕའེ་རེ་ཤར་ཕྱོགས་སྐད་བརྡའི་གཟེངས་རྟགས་གཉིས་ཐོབ་པ་མ་ཟད། གློག་བརྙན་འདིའི་གཙོ་འཁྲབ་པ་ཚེ་བརྟན་བཀྲ་ཤིས་ལའང་དཔྱད་འདེམས་པའི་དམིགས་བསལ་བསྟོད་བསྔགས་བྱ་དགའ་ཐོབ་འདུག

       ཚེ་བརྟན་བཀྲ་ཤིས་གློག་བརྙན་དུས་ཆེན་དེར་ཞུགས་ནས་གཟེངས་རྟགས་བླངས་ཤིང་། ཁོས་བཤད་རྒྱུར“གློག་བརྙན་འདིའི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ང་ཚོ་དང་གཏན་དུ་ཁ་གྱེས་སོང་ཡང་། ཁོང་གི་བརྩམས་ཆོས་ཀྱི་སྙིང་སྟོབས་ཀྱིས་ང་ཚོར་སྔར་བཞིན་སྐུལ་མ་གཏོང་གི་ཡོད”ཟེར། དེ་མིན། ཐེངས་འདིའི་གློག་བརྙན་དུས་ཆེན་གྱི་དཔྱད་འདེམས་སྤྱི་བ་སྟེ། དབྱི་རག་གི་གློག་བརྙན་འཁྲབ་ཁྲིད་པ་མུའུ་སེན་མར་ཁི་མ་བྷ་ཧྥུ་ལགས་ཀྱིས་གཟེངས་རྟགས་འབུལ་སྐབས་བཤད་རྒྱུར། གློག་བརྙན«གསའ»ཡི་ཁྲོད་གྲྭ་བ་དང་གསའི་བར་གྱི་ལྐོག་གྱུར་གྱི་འབྲེལ་བ་དེས། བོད་མིའི་སྲོལ་རྒྱུན་གྱི་འཇིག་རྟེན་ལྟ་བ་མངོན་པར་བསྟན་འདུག་སྟེ། དེ་ནི་སྨྲ་བསམ་བརྗོད་འདས་དང་བརྩེ་སེམས་ཀྱི་མཐོ་ཚད་ཅིག་ཀྱང་རེད། འཁྲབ་ཁྲིད་པས་ཡིད་འོང་གི་འཇིག་རྟེན་ཞིག་གནད་དུ་འཁེལ་བའི་སྒོ་ནས་བཟོས་འདུག་ལ། དེ་ཡིས་གློག་བརྙན་འདིའི་སྤྱིར་བཏང་མིན་པའི་ཁྱད་ཆོས་སམ་མི་སེམས་གཏིང་ནས་སྒུལ་འགྲོ་བ་ཞིག་རེད། མདོར་ན། གློག་བརྙན་བརྩམས་ཆོས་འདི་དངོས་ནས་རྩ་ཆེན་པོ་རེད”ཅེས་ཟེར།

       འདི་ནི་གློག་བརྙན«གསའ»ན་ནིང་གི་ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་ཁྲོ་རོན་ཁྲོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གཉིས་ནས་གཟིགས་འབུལ་བྱས་རྗེས། ཏོང་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་རྩེ་གྲ་དང་ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་འཁྲབ་ཁྲིད་པ་རྩེ་གྲའི་འབྲས་བཟང་བླངས་ཤིང་། དེ་ནས་ཡ་གླིང་གློག་བརྙན་དུས་ཆེན་གྱི་འོས་མིང་བཞི་ཐོབ་པའི་གཏམ་བཟང་གི་རྗེས་སུ་ཡང་བསྐྱར་རྒྱལ་སྤྱིའི་ཚད་རིམ་ཅན་གྱི་གློག་བརྙན་དུས་ཆེན་ལས་བླངས་པའི་གཟེངས་རྟགས་ཆེན་པོ་ཞིག་ཡིན་འདུག

ནང་དོན་ཡོང་ཁུངས། པདྨ་ཚེ་བརྟན་གྱི་རྩོམ་རིག་དང་གློག་བརྙན་འཕྲིན་སྟེགས།