བདེ་ཆེན་ཁུལ་གྱིས་སྣོད་བཅུད་སྲུང་ཡོལ་ཇེ་བརྟན་དུ་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

2023ལོར།བདེ་ཆེན་ཁུལ་གྱིས་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་ཀྱི་མཐའ་ཚད་བརྟན་པོ་བསྲུངས་ནས་ཐོག་མཐའ་བར་གསུམ་དུ་སྣོད་བཅུད་སྲུང་སྐྱོང་དེ་ལས་འགན་ཨང་དང་པོར་བརྩིས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང་། སྣོད་བཅུད་ལ་བརྟེན་ནས་དམངས་ལ་ཕན་རྒྱུར་མཐའ་འཁྱོངས་བྱེད་པ། རྒྱུན་མཐུད་ངང་སྦགས་བཙོག་འགོག་བཅོས་བྱེད་པ། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་བཅས་བྱས་པ་རེད།

   གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་100%ཟིན་པ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱིས་ཚོད་འཛིན་བྱེད་པའི་ས་ངོས་ཀྱི་ཆུ་སྤུས་ལེགས་ཚད་94.4%ཟིན་པ། འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ལོན་ཚད་100%ཟིན་པ། ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་བྱུང་བ། གཙོ་གནད་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་བདེ་འཇགས་ངང་སྤྱོད་ཚད་100%ཟིན་པ། ལོ་འཁོར་གོང་མའི་སྤྱི་དམངས་ཀྱི་སྣོད་བཅུད་ཁོར་ཡུག་བློ་ཡིད་ཚིམ་ཚད་97.4%ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།