ལོ་གསར་སྐབས་བདེ་ཐང་ཐད་དོ་སྣང་བྱེད་དགོས་པ་འགའ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ལོ་གསར་གཏོང་རིམ་བཞིན་མི་མི་ཉུང་བ་ཞིག་བཟའ་འཐུང་ལ་ཚོད་འཛིན་མེད་པ་དང་། ཆང་རག་དང་སྣུམ་ཞག་ཆེ་བའི་ཟས་རིགས་བསྟེན་དྲགས་པ་སོགས་ཀྱི་རྐྱེན་པས་བདེ་ཐང་ཐད་གནད་དོན་མང་པོ་ཐོན་གྱི་ཡོད།
    འཕྲོད་སྦྱོར་བདེ་ཐང་ཐད་སྨན་པས་དྲན་སྐུལ་བྱས་དོན། ལོ་གསར་རིང་ངེས་པར་དུ་བཟའ་འཐུང་ལ་ཚོད་འཛིན་ཡག་པོ་བྱས་ནས་གཟུགས་གཞི་བདེ་བའི་ལོ་གསར་གཏོང་དགོས་ཤིང་། ལྷག་པར་དུ་གཤམ་གསལ་གྱི་དོན་ཚན་ཁག་ལ་དོ་སྣང་བྱེད་དགོས།
    གཅིག ཁ་ལག་དུས་ངེས་གཏན་དང་མང་ཉུང་འཚམ་པོ་ཟ་དགོས། ལོ་གསར་གཏོང་སྐབས་མི་ཁ་ཤས་རྣམ་ཀུན་གྱི་གོམས་གཤིས་འཁྲུག་ནས་སྐབས་རེ་ལྟོ་ཆས་ཟ་དྲགས་པ་དང་སྐབས་རེ་གྲོད་པ་སྟོང་པར་ལུས་ཀྱི་ཡོད། དེ་འདྲ་བྱས་ན་ཕོ་རྒྱུའི་འཇུ་བྱེད་མ་ལག་ལ་གནོད་དེ་དོས་དྲག་ནད་གཞི་དང་། གཤེར་མའི་གཉན་ཚད། གྲུམ་བུ་སོགས་ཀྱི་ནད་ཐོན་པའི་ཉེན་ཁ་ཡོད།
    གཉིས། ཞོགས་ཟས་ངེས་པར་དུ་བཟའ་དགོས། ལོ་གསར་གཏོང་རིང་མི་འགའ་ཤས་ཀྱིས་དགོང་མོ་ཕྱི་པོའི་བར་རྩེད་འཇོར་རོལ་ནས་ཞོགས་པ་ཕྱི་པོར་ལངས་ཏེ་ཞོགས་ཟས་ཟ་གི་མེད། ཚན་རིག་ཐོག་ནས་ར་འཕྲོད་བྱུང་བར། ཞོགས་ཟས་ཟ་རྒྱུ་དེ་ལུས་པོའི་བདེ་ཐང་ཐད་གལ་འགངས་ཤིན་ཏུ་ཆེ་བས། གལ་ཏེ་ཞོགས་ཟས་མ་བཟས་ན་ལུས་ཟུངས་ཉམས་པ་དང་། ཕོ་རྒྱུ་དང་མཁྲིས་པའི་ནད་གཞི་སློང་ཉེན་ཡོད།
    གསུམ། གཉིད་ཉལ་ཁར་ཟ་མ་ཟ་མི་ཉན། གཉིད་མ་ཉལ་གོང་ཡག་ཤོས་བྱུང་ན་ཟ་མ་ཟ་རྒྱུ་མེད། གལ་ཏེ་གཉིད་མ་ཉལ་གོང་ཟ་མ་ཟས་དྲགས་པ་དང་ལྷག་པར་དུ་ཤ་ཟ་དྲགས་ན། ཕོ་བར་འཇུ་དཀའ་བ་དང་། གཉིད་ཀྱི་སྤུས་ཚད་ཞན་པ། ཁྲག་ཚིལ་འཕེལ་བ། གཅིན་སྙི་ཟ་ཁུ་སོགས་ཀྱི་ནད་གཞི་མང་པོ་ཐོན་གྱི་ཡོད།
    བཞི། ཆང་རག་ཚོད་རན་པོ་འཐུང་དགོས། ལོ་གསར་སྐབས་མི་མང་པོ་ཞིག་གིས་ཆང་རག་བཏུང་ནས་དགའ་སྤྲོའི་དཔལ་ལ་རོལ་གྱི་ཡོད། ཡིན་ནའང་ཆང་རག་ཚོད་རན་པོ་འཐུང་དགོས། གལ་ཏེ་ཆང་རག་འཐུང་དྲགས་ན་བདེ་ཐང་ཐད་གནོད་པ་ཆེ་བ་སྟེ། མཆིན་པ་དང་། ཕོ་བ། མཚེར་པ། སྙིང་སོགས་ལ་དོས་དྲག་གི་ནད་གཞི་ཐོན་པའི་ཉེན་ཁ་ཡོད། གཞན་ཡང་ཆང་རག་བཏུང་ནས་རླངས་འཁོར་བཏང་ན་འགྲིམ་འགྲུལ་ལས་འཛོལ་ཐོན་སྲིད་པས་དེ་རིགས་འཛེམ་དགོས།