དུས་རབས་གསར་བའི་གྲོང་གསེབ་ཀྱི་ལོ་སར་སྐྱེལ་སྟངས།

རྩོམ་པ་པོ།   པྡམ་མཚོ།  ཡིག་བསྒྱུར།       དུས་ཚོད།   2024-02-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དུས་རབས་འཕེལ་རྒྱས་སུ་སོང་བ་དང་བསྟུན། མི་དམངས་ཀྱི་འཚོ་བ་ནི་ཉིན་རེ་ལས་ཉིན་རེར་ཇེ་ལེགས་ཇེ་བཟང་དུ་སོང་ཡོད། མི་རྣམས་ཀྱི་ལོ་སར་སྐྱེལ་སྟངས་ཡང་འགྱུར་ལྡོག་སྣ་ཚོགས་བྱུང་ཡོད།    འཇོལ་རྫོང་ཀོང་རྩེད་རར་མཚོན་ན་ཡང་ལོ་སར་སྐྱེལ་སྟངས་ཀྱང་དུས་རབས་ཀྱི་འགྱུར་ཁུག་དང་བསྟུན་ནས།སྲོལ་རྒྱུན་གྱི་རིག་གནས་མུ་མཐུད་དུ་རྒྱུན་འཛིན་དང་དེང་རབས་ཀྱི་རིག་གནས་ཀྱང་དང་ལེན་གང་ལེགས་བྱེད་བཞིན་ཡོད། དཔེར་ན་ལོ་སར་གྱི་སྐབས་སུ་ཀོང་རྩེད་རའི་ཡུལ་དུ་མཚོན་ན་ངེས་པར་དུ་བཟོ་དགོས་པའི་ཁ་ཟས་སྟེ།འཁུར་བ་དང་དཀར་ཟེབ།སྲན་སྣ་བཅས་སྲོལ་རྒྱུན་གྱི་ཟས་རིགས་གྲ་སྒྲིག་བྱེད་པ་མ་ཟད།ཚལ་རིགས་སྣ་ཚོགས་ཀྱང་བཟོས་ནས་ལོ་སར་བ་བསུ་བར་ཟས་ཞིམ་པོ་གྱ་ནོམ་པ་གྲ་སྒྲིག་བྱེད་པ་རེད།


    ལོ་སར་ཚེས་གཅིག་ཉིན་ཞོགས་པའི་ཉི་ཟེར་ས་གཞིར་འཕྲོས་པ་དང་བསྟུན།སྡེ་བའི་རྒན་རྒོན་དང་རང་གི་ཤ་ཉེ་ལ་ལོ་སར་སྐྱེལ་བ་རེད།ཀོང་རྩེད་རའི་གྲོང་ཚོ་བྱེ་འབུར་སྒང་གྲོང་མི་ཚོ་ཆུང་གི་ཨ་ཅེ་ལྷ་མོ་སྒྲོལ་མས་བཤད་ན།མོ་རང་ཆུང་དུས་སུ་ལོ་སར་སྐྱེལ་སྐབས་ཐུག་སྐམ་དང་ཇ་ལེབ། ཚ་ཁུ་སོགས་ཁྱེར་བ་རེད།ད་ལྟ་ང་ཚོའི་འཚོ་བ་ཡང་ཇེ་ལེགས་སུ་སོང་བས། ད་ལྟ་ཐུག་སྐམ་དང་ཚ་ཁུ་སོགས་སྐྱེལ་མཁན་ཉུང་།མང་ཆེ་བ་ལོ་སར་གྱི་ལེགས་སྐྱེས་སྒམ་ཆུང་ཉོས་ནས་སྐྱེལ་བ་དང་།ཁ་ཤས་ཀྱིས་ཐད་དཀར་རྒན་རྒོན་ལ་དངུལ་སྒོར་སོགས་བྱིན་ནས་ལོ་སར་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད་ཅེས་བཤད་བྱུང་། གཞན་ལོ་སར་གྱི་ཉིན་འདི་དག་རང་གི་ཤ་ཉེ་དང་ཡུལ་མི་སྤུན་ཟླ་ལྷན་འཛོམས་བྱས་ནས་ལོ་སར་རོལ་བ་མ་ཟད།ཁ་རྒྱལ་(ཁ་ཤགས་ཀྱང་ཟེར།)དང་ལྷ་བསུ་སོགས་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་དམངས་ཁྲོད་རིག་གནས་མི་རབས་ནས་མི་རབས་རྒྱུན་འཛིན་བྱེད་ལ།གྲོང་མི་ཚོ་ཆུང་རེ་རེས་ཀྱང་གླུ་ལེན་གར་རྩེད་སོགས་ཀྱི་རྩེད་རིགས་སྣ་ཚོགས་དང་ལུས་རྩལ་བྱ་འགུལ་སྣ་མང་སྤེལ་ནས་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་བ་བསུ་བཞིན་ཡོད་པ་རེད།