སྒུལ་འཁོར་བསྡད་ནས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་ལ་འགྲོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཀྱང་ཇེ་བཟང་དུ་སོང་ཡོད།ད་ལོར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཉིས་དུས་གཅིག་ཏུ་ཁེལ་བས།ཉིན་བཅུ་གཅིག་རིང་གི་གུང་གསེང་ཡོད་པ་རེད།བདེ་ཆེན་གྱི་རིགས་སོ་སོའི་མི་དམངས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་དུས་ཆེན་ལ་རོལ་བཞིན་ཡོད།

    དེ་ཡང་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་བྱས་པ་དང་བསྟུན།ད་ལོའི་ལོ་གསར་རིང་སེམས་ཀྱི་ཉི་ཟླར་ཡུལ་སྐོར་ཡོང་མཁན་གྱི་མགྲོན་པོ་ཡང་མང་བ་རེད།རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་དང་མ་ཎི་དུང་འཁོར་སོགས་སུ་ཡུལ་སྐོར་བ་རྣམས་ཀྱིས་པར་སྐྱོན་པ་དང་བོད་ཟས་ཁང་དུ་བོད་ཟས་ལ་རོལ་བ་སོགས་བྱས་ནས་དགའ་བའི་དུས་ཆེན་ལ་རོལ་བ་རེད།

    གཞན་སེམས་ཀྱི་ཉི་ཟླའི་གྲོང་མི་ཡང་སྒུལ་འཁོར་བསྡད་ནས་ཡུལ་གཞན་དུ་ཡུལ་སྐོར་དུ་འགྲོ་བའང་མང་། ཕ་ཡུལ་སེམས་ཀྱི་ཉི་ཟླ་སྐེད་ཚག་ཤང་ནས་ཡིན་པའི་བཀྲ་ཤིས་སྒྲོལ་མའི་བཟའ་མི་གང་བོ་ཡང་གནམ་གང་གི་ཉིན་འདིར་སྒུལ་འཁོར་བསྡད་ནས་ཁུན་མིང་དུ་ལོ་གསར་རོལ་དུ་སོང་བ་རེད།མོས་བཤད་ན་རང་གི་ཕ་མ་ལུས་འཁྱུར་ངལ་གསོ་བྱས་རྗེས་ཁུན་མིང་དུ་འཚོ་བ་རོལ་བཞིན་ཡོད། ལོ་རེར་ལོ་སར་གྱི་སྔོན་དུ་སྒེར་འཁོར་བཏང་ནས་སོང་ན་ཕལ་ཆེར་ཆུ་ཚོད་བདུན་བརྒྱད་དགོས་པ་དང་། གནམ་གྲུར་བསྡད་ནས་སོང་ན་ལོ་སར་གྱི་སྐབས་རིན་གོང་ཧ་ཅང་མཐོ་བ་རེད། ད་ལྟ་སྒུལ་འཁོར་བསྡད་ནས་སོང་ན་རིན་གོང་བདེ་བ་མ་ཟད་དུས་ཡུན་ཡང་ཐུང་པས།དངོས་ནས་སྟབས་བདེ་རེད་ཅེས་བཤད་བྱུང་།
    འཇོལ་རྫོང་སློབ་ཆུང་གཉིས་པའི་དགེ་རྒན་ཨ་དོན་ཚང་གིས་ལོ་སར་རིང་སན་ཡ་སོགས་སུ་ཡུལ་སྐོར་རུ་སོང་བ་རེད། དགེ་རྒན་ཨ་དོན་གྱིས་དུས་རྒྱུན་དུ་ཁོང་བཟའ་མི་གཉིས་ཀ་ལས་ཚོགས་ལ་འགྲོ་དགོས་པས།ཡུལ་སྐོར་དུ་འགྲོ་རྒྱུའི་དུས་ཚོད་དེ་འདྲ་མེད་པ་རེད།ད་ལོར་གུང་གསེང་ཡང་ཅུང་རིང་བས།སན་ཡ་རུ་ཡུལ་སྐོར་དུ་སོང་བ་ཡིན།བཟའ་མི་ལྷན་འཛོམས་བྱུང་ན་གང་ནས་ལོ་གསར་རོལ་ཡང་གཅིག་འདྲ་རེད་ཅེས་བཤད་བྱུང་།
    འདི་ལྟར་འགྲོ་འདུག་སྟབས་བདེར་སོང་བ་དང་བསྟུན་མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་དང་བདེ་སྐྱིད་འཚོ་བའི་སྣང་བ་ཡང་ཇེ་མཐོར་སོང་བ་རེད།