ལོ་སར་སྐབས་སུ་བདེ་ཐང་གི་བཟའ་བཏུང་ཇི་ལྟར་བསྟེན་འོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

01དམར་ཟས་ཉུང་ཟ་དང་དཀར་ཟས་མང་ཟ་བྱེད་པ། 

ལོ་སར་སྐབས་ཀྱི་བཟའ་བཏུང་ལ་དམར་ཟས་ཀྱི་རིགས་ཉུང་ཟ་བྱས་ཏེ། སྲན་མའི་རིགས་དང་སྔོ་ཚལ་སོགས་དཀར་ཟས་ཀྱི་རིགས་མང་ཙམ་བཟའ་འོས། རྒྱུ་མཚན་ནི་སྤྲི་དཀར་འདུས་ཚད་མཐོ་བའི་དམར་ཟས་མང་པོ་ཟོས་ན་ཚ་དྲོད་རྒྱས་པ་དང་རྩ་སྐམ་པ། ཐང་ཆད་པ། ཕོ་བ་སྦོས་པ་སོགས་བྱེད་པར་མ་ཟད། ཁྲག་ཚིལ་མཐོ་བ་དང་སྙིང་རྩ་རེངས་པ། ཀླད་རྩ་འགག་པ་སོགས་ཀྱི་ནད་བསྐྱེད་སྲིད་ལ། སྔོ་ཚལ་ཁྲོད་ཀྱི་དབྱང་འགོག་རྫས་དང་འཚོ་བཅུད། སྲན་མའི་བཟའ་བཏུང་ཁྲོད་ཀྱི་ལིན་རྒྱུའི་ཚིལ་སོགས་ཀྱིས་མཆིན་པར་སྲུང་སྐྱོབ་བྱེད་པ་ཡིན། 

02

སྣུམ་ཚིལ་ཉུང་ཟ་དང་སྐྱ་ཟས་མང་ཟ་བྱེད་པ།  

ལོ་སར་སྐབས་སུ་སྣུམ་ཚིལ་ཅན་གྱི་ཟས་ཉུང་ཟ་བྱེད་པ་དང་སྐྱ་ཟས་སྐྱ་ཆུ་སོགས་ཟ་མ་དྭངས་མོའི་རིགས་མང་ཙམ་བསྟེན་འོས། ཚང་མས་མཉམ་འཇོག་བྱ་དགོས་པ་ཞིག་ལ་སྟར་ཀ་དང་ཁམ་བུའི་ནང་སྙིང་། བགད་འབྲས། མཁལ་འབྲས། ཏིལ་འབྲུ། ཉི་འབྲུ་སོགས་མཁྲེགས་འབྲས་ཀྱི་རིགས་ཀྱང་སྣུམ་འདུས་ཚད་མཐོ་བའི་བཟའ་བཅའ་ཡིན་ལ། སྣུམ་ཚིལ་ཚད་ལས་བརྒལ་ན། མིའི་ལུས་པོའི་རྙིང་ཚབ་གསར་བརྗེ་འཁྲུགས་ནས་འཇུ་ལམ་དང་དབུགས་ལམ་གྱི་ནད་སྣ་ཚོགས་བསྐྱེད་སྲིད། 

03

ཚྭ་ཁུ་ཉུང་ཟ་དང་འཇུ་སླ་བའི་ཟས་མང་ཟ་བྱེད་པ། 

ལོ་སར་སྐབས་སུ་མི་རྣམས་ཀྱི་ཟ་མ་ཟ་ཚད་མང་བ་དང་། མི་ལ་ལ་ཚྭ་སྦྱོངས་བྱས་པའི་སྐམས་ཤ་དང་། ལུག་ཤ བྱ་ཤ་སྣ་ཚོགས། བརླ་ཀྲིམ་སོགས་བཟའ་བར་དགའ། དེ་དག་གིས་ལུས་ནང་གི་ཚྭ་འདུས་ཚད་ཇེ་མཐོར་གཏོང་བར་མ་ཟད། ནཱ་འདུས་ཚད་མང་བའི་བཟའ་བཅའི་རིགས་ཀྱིས་སྙིང་གི་ཁུར་བོ་ཇེ་ལྕིར་བཏང་ནས་ཁྲག་ཤེད་མཐོ་བའི་ནད་དང་སྙིང་རྩའི་ནད་སོགས་ཀྱང་བསྐྱེད་སྲིད། 

04

ཟས་འཁྱགས་ཉུང་ཟ་དང་ཟས་ཚ་བོ་མང་ཟ་བྱེད་པ། 

ལོ་སར་སྐབས་སུ་གནམ་གཤིས་སྔར་བཞིན་གྲང་ངར་ཆེ། ཡིན་ནའང་མི་ལ་ལ་གྲང་ཚལ་དང་སྐོམ་ཆུ་གྲང་མོ་སོགས་ལ་དགའ། བཟའ་བཅའ་འཁྱགས་པའི་རིགས་ཀྱིས་ཕོ་བར་གནོད་པར་མ་ཟད་ལུས་སྟེང་གི་རྩ་འཁུམས་ཏེ་ཁྲག་གི་འཁོར་རྒྱུག་ལའང་གནོད་པ་བཟོ་སྲིད། 

05

ཆང་ཉུང་འཐུང་དང་ཇ་མང་འཐུང་བྱེད་པ། 

ཆང་བཅུད་ཀྱིས་ཕོ་ཁའི་ངོས་ལ་ཟུག་གཟེར་བསླངས་ཏེ་ཕོ་སྐྱིར་ཁྲག་གསོག་པ་དང་ཕོ་སྐྱི་རལ་བ། ཟགས་པ་སོགས་བྱེད་པར་མ་ཟད། མཆིན་པ་དང་ཀླད་པ་ལའང་གནོད། ཆང་མང་པོ་འཐུངས་ན་མི་ལ་རྒྱགས་ཚོར་བྱིན་ཏེ་ཟས་ཟ་མི་འདོད་པར་འགྱུར་བས། ཆང་མ་འཐུང་བའི་སྔོན་ལ་མངར་སོབ་བག་ལེབ་རེའམ་འབྲས་ཚལ་སོགས་བཟའ་དགོས་ལ། ཆུ་ཁོལ་མ་དང་ཇ་མང་དུ་འཐུངས་ཏེ་ཆང་ཚབ་ཇ་ཡིས་བྱ་དགོས།