མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་དམངས་ཀྱི་འདོད་བློ་འཁྱེར་ནས་དེ་རིང་འབྱོར་ཐོ་བཀོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ1པོའི་ཚེས30ཉིན།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གཅིག་རྗེས་གཉིས་མཐུད་ངང་བཅའ་སྡོད་བྱ་ཡུལ་དུ་འབྱོར་ནས་ཚོགས་ཆེན་ལ་འབྱོར་ཐོ་བཀོད་པ་རེད།

    འབྱོར་ཐོ་བཀོད་པའི་ཡུལ་དངོས་སུ།འཐུས་མི་ཚོས་ལས་དོན་མི་སྣས་མཛུབ་ཁྲིད་འོག་གོ་རིམ་ལྡན་པའི་ངང་འབྱོར་ཐོ་འགོད་པ་དང་དཔྱད་གཞིའི་ཡིག་ཆ་ལེན་པ། མགྲོན་ཁང་ནང་སྡོད་པའི་འགྲོ་ལུགས་སྒྲུབ་ནས་མི་དམངས་འཐུས་ཚོགས་ཀྱི་དུས་ཚོད་དངོས་སུ་འགོ་ཚུགས་པ་རེད།འབྱོར་ཐོ་བཀོད་རྗེས་འཐུས་མི་ཚོས་ངང་སྒུག་བྱེད་ལོང་མེད་པར་ཚོགས་འདུའི་དཔྱད་གཞིའི་ཡིག་ཆར་རགས་ལྟ་བྱས་པ་དང་། ཁོང་ཚོས་ལྗིད་ཏིག་ཏིག་གི་འགན་འཁྲི་དང་དམངས་ཀྱི་འདོད་བློ་བཅངས་པ་དང་འཕེལ་རྒྱས་ཇུས་འགོད་བྱེད་པའི་སེམས་པ་བཅངས་ནས་ཕན་ཚུན་གླེང་མོལ་སྤེལ་རེས་བྱས། གླེང་མོལ་བྱེད་རིང་དམངས་འཚོ་དང་། དཔལ་འབྱོར། སྤྱི་ཚོགས་བཅས་གོང་དུ་སྤེལ་བར་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད།

    ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཨ་ཆིན་མས་ལག་ཐོགས་ཁ་པར་ཐོག་ནས་ཡུན་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་སྒྲུབ་ལས་སྟེགས་སུ་ཐོ་འགོད་བྱས་པ་དང་འབྲེལ་འབྲེལ་ཡོད་དཔྱད་ཡིག་བལྟས་ནས་ཚོགས་འདུ་མ་འཚོག་གོང་གྲ་སྒྲིག་ནན་ཏན་བྱས་པ་རེད།མོས་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་སྐད་ཆ་མང་པོ་ཞིག་ཁུལ་ཚོགས་འདུ་གཉིས་ཐོག་འཁྱེར་ཡོང་ཡོད།ད་རེས་ངས་དོ་ཁུར་བྱེད་པ་ནི་བདེ་ཆེན་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཞིང་པའི་འབབ་འཕར་གྱི་གནད་དོན་ཡིན་ལ།ཁུལ་ཚོགས་འདུ་གཉིས་ཀྱི་ཐོག་མི་སེར་གྱི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཕན་ཡོད་བྱེད་ཐབས་ཁ་ཤས་ཐོས་རྒྱུའི་རེ་བའང་ཡོད་ཅེས་བཤད་པ་རེད།

    ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཅན་ཁྲོན་བཅའ་སྡོད་བྱ་ཡུལ་དུ་འབྱོར་རྗེས་འཕྲལ་མར་ཚོགས་འདུའི་དཔྱད་ཡིག་དང་ཕྱོགས་སྟོན་ལ་བལྟས་ནས་ཚོགས་འདུའི་གྲོས་རིམ་རྒྱུས་མངའ་ལོན་པ་དང་གྲོས་གཞི་ལེགས་སྒྲིག་ཞིབ་ཚགས་བྱས་པ་རེད།ཁོང་གིས་ད་ལོའི་ཚོགས་འདུ་གཉིས་ཀྱི་ཐོག་ངས་གཙོ་བོ་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་གྲོས་འགོ་བཏོན་པ་དང་། གྲོང་གསེབ་ཀྱི་འཕྲོད་བསྟེན་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མི་སེར་དེ་བས་མང་བར་ཕན་པ་ཐོབ་པ་བྱས་ཏེ་ཁོང་ཚོར་ནད་གཞི་ཆུང་ངུ་ཕོག་སྐབས་ཕྱི་རུ་འགྲོ་མི་དགོས་པ་བྱེད་དགོས་ཞེས་བཤད་པ་རེད།

    འབྱུང་འགྱུར་གྱི་ཉིན་ཤས་ནང་།ཁུལ་ཡོངས་ཀྱི་ས་གནས་ཁག་དང་ལས་རིགས་ཁག་ནས་ཡོང་བའི་འཐུས་མི་ཚོས་གསར་དུ་ཐོན་པའི་གྲོས་གཞི་དག་འཁྱེར་ནས་འགན་འཁྲི་འཁུར་སེམས་གསལ་འགྲེལ་བྱ་རྒྱུ་རེད། ཚང་མས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲིམས་ལྟར་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་སྒྲུབ་པ་དང་།ལས་དོན་སྙན་སྒྲོན་ཁག་ལ་གྲོས་ཞིབ་ནན་ཏན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་མགྲིན་ཚབ་པཡག་པོ་ཞིག་བྱས་ནས་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཇུས་བཟང་འདོན་རྒྱུ་རེད།