ཞིག་གསོ་བས་འབྲི་ཆུའི་ལྕགས་ལམ་ཟམ་ཆེན་ལ་སྲུང་སྐྱོབ་བདག་གཅེས་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཡུན་ནན་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཀྱི་དཔྱིད་གསར་སྐྱེལ་འདྲེན་ཐོག་མ་དེ་བསུ་གྲབས་ཡོད་པ་དང་འགྲུལ་པ་བདེ་འཇགས་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱ་ཆེད་རྒྱལ་ཁབ་ལྕགས་ལམ་ཁུན་མིང་ཅུས་ཀོང་ཐུང་བཟོ་གློག་དུམ་བུའི་ཞིན་ཧྲང་ཕྱོགས་བསྡུས་ཉམས་གསོ་བཟོ་ཁུལ་གྱིས་སྟག་མཆོང་གྲོག་རོང་འབྲི་ཆུའི་ལྕགས་ལམ་ཟམ་ཆེན་ལ་ཕྱོགས་ཡོངས་ནས་་བརྟག་དཔྱད་བྱས་པ་རེད།

         སྟག་མཆོང་གྲོག་རོང་འབྲི་ཆུའི་ལྕགས་ལམ་ཟམ་ཆེན་ནི་ཡུན་ནན་ས་དམ་དང་སེམས་ཀྱི་ཉི་ཟླའི་འབྲེལ་མཚམས་ཀྱི་སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་དུ་གནས་པ་དང་འབྲི་ཆུ་འཕྲེད་བརྒལ་བྱས་པར་ཁྱོན་རིང་ཚད་སྨི་882.5ཡོད་པ་དང་གཙོ་བོ་སྨི་660བརྒལ་བ་དང་ཟམ་ངོས་དང་གཙང་ངོས་དབར་དྲང་འཕྱང་བར་ཐག་སྨི་250ཙམ་ཡོད་པ་དང་ཟམ་ཆེན་གྱི་སྣེ་གཉིས་སོ་སོར་གཡུ་ལུང་གངས་རིའི་ཕུག་ལམ་དང་ཧ་པ་གངས་རིའི་ཕུག་ལམ་དང་སྦྲེལ་མཐུད་བྱས་པ་དེ་ནི་ས་དམ་ནས་སེམས་ཀྱི་བར་གྱི་ལྕགས་ལམ་གྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་རེད།

        ཞིན་ཧྲང་ཕྱོགས་བསྡུས་ཉམས་གསོ་བཟོ་ཁུལ་གྱི་པན་ཀྲང་དབྱང་ཡིང་ཝུན་གྱིས་ཁོང་དང་བཟོ་གྲོགས་ཚོས་ཟམ་ཆེན་གྱི་གློག་ཐག་གཙོ་བོ་དང་ཟམ་ཆེན་གྱི་གྲུབ་ཆ་གཙོ་བོ། ཟམ་ཆེན་གྱི་བཀག་འགོག་ཡོ་བྱད་སོགས་ལ་སྐོར་ཞིབ་བྱེད་པའི་འགན་འཁུར་གྱི་ཡོད་པས་དཀའ་ཚེགས་ཆེ་ཤོས་ནི་གློོག་ཐག་གཙོ་བོར་ཞིབ་བཤེར་ཉམས་གསོ་བྱ་རྒྱུ་དེ་ཡིན་པ་དང་ཕྱོགས་རྐྱང་པའི་སྐོར་ཞིབ་ཕར་འགྲོ་ཚུར་འོང་བྱེད་པར་ཕལ་ཆེར་ཆུ་ཚོད་3ཙམ་དགོས་པ་དང་གློག་ཐག་གཙོ་བོའི་ཐོག་སྐྱོད་སྐབས་རྐང་འོག་ནི་དྲག་ཏུ་རྒྱུག་པའི་སྟག་མཆོང་གྲོག་རོང་གི་གཙང་པོ་ཡིན་པ་དང་འགྲམ་ནི་འུར་སྒྲ་སྒྲོག་པའི་གཙང་རླུང་ཡིན་པས་གོམ་པ་རེར་ལྷག་པར་དུ་སེམས་ཆུང་བྱེད་དགོས་ཞེས་ངོ་སྤྲོད་བྱས་པ་རེད།

        "ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ངའི་ཕ་ཡུལ་བདེ་ཆེན་དུ་ཤར་གཏོང་ཐུབ་པ་དང་ད་ལོའི་དཔྱིད་གསར་སྐྱེལ་འདྲེན་ནི་ལྕགས་ལམ་ཤར་གཏོང་ཐུབ་རྗེས་བསུ་བའི་དཔྱིད་གསར་སྐྱེལ་འདྲེན་དང་པོ་དེ་ཡིན་པས་ཟམ་ཆེན་གྱི་ཞིབ་བཤེར་བཟོ་བཅོས་ལས་དོན་དཀའ་ཚེགས་ཆེ་ཡང་ང་ཚོས་འབད་བརྩོན་བྱས་པ་བརྒྱུད་འགྲུལ་པ་རྣསམ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་བརྒྱུད་བདེ་འཇགས་ངང་དམིགས་སར་འབྱོར་སྐབས་ང་ཚོའི་དཀའ་ལས་ནི་བྱེད་རིན་ཡོད་པ་ཞིག་ཡིན་པའི་ཚོར་སྣང་ཡོང་གི་འདུག་"དབྱང་ཡིང་ཝུན་གྱིས་རང་ཉིད་ཀྱི་བྱ་བ་བཤད་སྐབས་ང་རྒྱལ་གྱིས་ཁེངས་འདུག