བདེ་ཆེན་ཁུལ་གྱིས་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུའི་མ་ལག་བསྐྲུན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        རྐང་རྗེན་སྨན་པ་ནས་ཆེད་ལས་སྨན་བཅོས་ཤེས་ལྡན་མི་སྣའི་བར་དང་། སྨན་པ་དཀོན་པ་ནས་ཆེད་ལས་སྨན་བཅོས་ཚོགས་པའི་བར། གྲོང་གསེབ་ཀྱི་སྨན་བཅོས་ཁང་ནས་ཁུལ་དང་གྲོང་ཁྱེར་(རྫོང་)གྱི་སྨན་ཁང་བར།"ལྟ་ཉན་འདྲི་གཅོད་"ནས་ཚན་རྩལ་མཐོ་བའི་སྨན་བཅོས་ཡོ་བྱད་ཆེ་གྲས་བར་དང་། "ནད་གཞི་བཅོས་རྒྱུ་ལྟེ་བར་འཛིན་པ་"ནས་"བདེ་ཐང་ལྟེ་བར་འཛིན་པའི་"བར། སྨན་པ་བསྟེན་ཐག་རིང་བ་དང་སྨན་པ་བསྟེན་དཀའ་བ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཁེབས་པའི་བར།  ལོ་མང་འབད་བརྩོན་བྱས་པ་བརྒྱུད་བདེ་ཆེན་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དམངས་འཚོའི་ནང་རྩ་བ་ཚུགས་ནས་འཕྲོད་བསྟེན་ཐོན་ཁུངས་དང་། ཤེས་ལྡན་མི་སྣ་འཛུགས་སྐྱོང་། སྨན་བཅོས་ལག་རྩལ། སྨན་བཅོས་ཞབས་ཞུ། སྨན་བཅོས་འགན་སྲུང་སོགས་ཀྱི་ཐད་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་མང་བ། མང་བ་ནས་ཕུལ་བྱུང་བཅས་ཀྱི་འཕེལ་རྒྱས་གྲུབ་འབྲས་ཐོབ་པ་དང་། མང་ཚོགས་ལ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་ལས་མང་བ་བྱུང་ཡོད།

        འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་སྨན་བཅོས་ལག་རྩལ་གྱི་ནུས་པ་དང་སྤུས་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད།

        བདེ་ཆེན་ཁུལ་མི་དམངས་སྨན་ཁང་ནི་1972ལོར་སྐྲུན་པ་དང་། ལོ་ངོ་50ལྷག་ཙམ་རིང་འབད་འཐབ་དང་ཡར་རྒྱས་བརྩོན་ལེན་བྱས་པ་བརྒྱུད་ཚན་པ་སྒྲིག་བཀོད་ཆ་ཚང་བ་དང་། སྨན་བཅོས་སྒྲིག་ཆས་སྔོན་ཐོན། དོ་དམ་ཆུ་ཚད་ཅུང་མཐོ་བ། ལག་རྩལ་སྟོབས་ཤུགས་ཆེ་བ། སྨན་བཅོས་ཞབས་ཞུ་བཟང་བ་བཅས་སུ་འཕེལ་རྒྱས་བྱུང་བ་དང་། སྨན་བཅོས་དང་། མྱུར་སྐྱོབ། སློབ་ཁྲིད། ཚན་ཞིབ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་ཁུལ་ནང་གི་ཀ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་གཅིག་པུ་དེ་ཡིན་པ་མ་ཟད། དེ་མ་ཟད་ཁྱིམ་མཚེས་ས་ཁུལ་དང་དེ་བཞིན་ཤར་རྒྱུད་ཀྱི་བོད་འབྲེལ་ས་ཁུལ་གྱི་ས་ཁོངས་སྨན་བཅོས་ལྟེ་གནས་སུ་རགས་ཙམ་གྱུར་ཡོད།

        ཉེ་བའི་ལོ་ཤས་རིང་། ཁུལ་མི་དམངས་སྨན་ཁང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་དམངས་སྨན་ཁང་སླར་གསོ་བསྐྱར་སྐྲུན་དང་། འཇོལ་རྫོང་མི་དམངས་སྨན་ཁང་གཉིས་པ་གསར་སྐྲུན་དང་འབའ་ལུང་རྫོང་དབུས་རྒྱུད་སྨན་རྩིས་ཁང་གསར་སྐྲུན་དང་ཁུལ་འགོས་ནད་སྨན་ཁང་གསར་སྐྲུན་བྱས་པས་བདེ་ཆེན་ཁུལ་གྱི་སྨན་བཅོས་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། བདེ་ཆེན་ཁུལ་གྱི་ཤང་གྲོང་འཕྲོད་བསྟེན་ཁང་31་(སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་)ཁྲོད་ཀྱི་འཕྲོད་བསྟེན་ཁང་8་ལ་ཡུན་ནན་ཞིང་ཆེན་གྱི་ཀ་པ་རིམ་པའི་ཤང་གྲོང་འཕྲོད་བསྟེན་ཁང་གི་དཔྱད་ཞིབ་ཐོབ་པ་དང་དེ་བྱིངས་ཤང་གྲོང་འཕྲོད་བསྟེན་ཁང་ཚང་མ་ཚད་ལྡན་ཅན་གྱི་ཤང་གྲོང་འཕྲོད་བསྟེན་ཁང་འཛུགས་སྐྲུན་གྱི་ཚད་གཞིར་སླེབས་པ། བདེ་ཆེན་ཁུལ་གྱི་གྲོང་ཚོ་ཨུ་ལྷན་193་ལ་ཁྱོན་ཚད་ལོན་གྲོང་ཚོའི་འཕྲོད་བསྟེན་ཁང་162་ཡོད་པ་དང་ཁྱོན་བསྡོམས་ཤང་གྲོང་གི་སྨན་པ་355་གདན་ཞུ་བྱས་པས་གྲོང་ཚོ་1་ལ་སྨན་པ་2་(སྨན་པ་1་དང་ནད་གཡོག1་)མངོན་འགྱུར་བྱུང་བས་མི་རིགས་ཁག་གི་མང་ཚོགས་ཀྱི་སྨན་བཅོས་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན་པ་དང་མང་ཚོགས་ཀྱིས་སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་པའི་"མཐའ་མའི་སྤྱི་ལེ་གཅིག་"ཤར་གཏོང་ཐུབ་ཡོད།  དེ་ཕུད་བདེ་ཆེན་ཁུལ་གྱི་རིམ་ཁག་འཕྲོད་བསྟེན་བདེ་ཐང་སྡེ་ཚན་དང་དེ་བཞིན་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་"ཚན་སློབ་ལ་བརྟེན་ནས་སྨན་ཁང་དར་རྒྱས་གཏོང་བའི་"འཐབ་ཇུས་ལག་བསྟར་བྱས་ཏེ་ལོ་ལྟར་ཡུན་ནན་དང་ཧྲང་ཧའེ་མཉམ་ལས་དང་། ཁུན་མིང་དང་བདེ་ཆེན་མཉམ་ལས་བྱས་པ་བརྒྱུད་སྨན་ཁང་གིས་ཆ་སྒྲིག་རོགས་སྐྱོར་དང་། རིགས་གཅིག་མཁས་ཅན་གནས་སྡོད་རོགས་སྐྱོར། འཕྲོད་བསྟེན་ཤེས་ལྡན་མི་སྣ་ཟབ་སྦྱོང་གསོ་སྐྱོང་སོགས་ཀྱི་ལས་དོན་སྤེལ་ནས་ལོ་ལྟར་ཕྱིར་གསོ་སྦྱོང་བྱེད་པར་སྐྱེལ་མཁན་མི་50ལས་མི་ཉུང་བ་དང་གནས་སྡོད་དུས་ཚོད་ཚང་མ་ཟླ་བ་གསུམ་ཡན་ཟིན་པ། ལོ་ལྟར་ནང་འདྲེན་བྱས་པའི་ཤེས་ལྡན་མི་སྣ་30ལས་མི་ཉུང་བ་དང་བཅའ་སྡོད་རོགས་སྐྱོར་གྱི་དུས་ཚོད་ཟླ་བ་དྲུག་ཡན་ཟིན་ནས་བདེ་ཆེན་གྱི་མི་རིགས་ཁག་གི་མང་ཚོགས་ལ་ཧྲང་ཧའེ་དང་ཞིང་ཆེན་ནང་ཁུལ་གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་ཞབས་ཞུ་གཞི་རྩའི་ཆ་ནས་ལོངས་སྤྱོད་ཐུབ་པ་བྱས་པ།

        སྒྲིག་སྲོལ་བསྒྱུར་བཅོས་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ་"སྨན་པ་བསྟེན་དཀའ་བ་དང་སྨན་རིན་མཐོ་བ་"ཞི་ལྷོད་དུ་ནུས་ལྡན་བཏང་ཡོད།

        ཉེ་བའི་ལོ་ཤས་རིང་། "སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཞིང་ཆེན་ལས་བརྒལ་ནས་ཐད་ཀར་བསྡོམས་རྩིས་རྒྱག་པར་སྐུལ་འདེད་གཏོང་བ་"ནས་"དྲ་སྦྲེལ་+སྨན་བཅོས་བདེ་ཐང་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་"བར་དང་། "རིན་གོང་ཧ་ཅང་མཐོ་བའི་སྨན་དང་སྐྲན་འགོག་སྨན་སྨན་བཅོས་འགན་བཅོལ་ནང་འདྲེན་པ་"ནས་"ཏོག་གསར་ནད་དུག་ཞིབ་བཤེར་ཚད་ལེན་སྨན་རྫས་གནས་སྐབས་རང་བཞིན་གྱི་སྨན་བཅོས་འགན་བཅོལ་ནང་འཇུག་པའི་"བར། རྣམ་གྲངས་རེ་རེ་བཞིན་མང་ཚོགས་ཀྱི་སྨན་པ་བསྟེན་པའི་དགོས་མཁོར་གཞི་ཚུགས་པ་དང་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་འགན་ལེན་བྱེད་པའི་སྨན་བཅོས་འགན་ལེན་སྲིད་ཇུས་དོན་འཁྱོལ་བྱས་ནས་ནུས་པ་ཐོན་ཏེ་མི་སེར་ཚོས་ནད་གཞི་ལྟ་ཐུབ་པ་བྱས་པ།

        2022ལོའི་ཟླ12པའི་ཚེས31ཉིན་ནས་བཟུང་། བདེ་ཆེན་ཁུལ་གྱིས་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་མཉམ་ཕན་སྒྱུར་བཅོས་ལག་བསྟར་བྱས་ཏེ་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་དཀྱུས་མའི་འགྲོ་སོང་རྩིས་ཞུ་མེད་པ་ནས་ཡོད་པའི་བར་འགྱུར་ལྡོག་ཡོང་བ་བྱས་པ་དང་སྒོ་བསྟེན་སྨན་བཅོས་ཀྱིས་མཉམ་སྐྱོབ་འགན་ལེན་བྱས་ནས་འགན་བཅོལ་ནང་ཞུགས་མཁན་ནད་པ་དང་ལྷག་པར་དུ་རྒན་རྒོན་གྱི་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཡང་དུ་བཏང་བ་རེད།  དེ་དང་ཆབས་ཅིག་བདེ་ཆེན་ཁུལ་སྨན་བཅོས་འགན་ལེན་ཅུས་ཀྱིས་གནས་གཏན་འཁེལ་གྱི་སིལ་ཚོང་སྨན་རྫས་ཚོང་ཁང་དེ་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་གཅིག་གྱུར་འཆར་འགོད་ལས་དོན་ནང་བཅུག་ནས་མང་ཚོགས་ཀྱིས་སྨན་པ་བསྟེན་པ་དང་སྨན་ཉོས་ནས་བསྡོམས་རྩིས་རྒྱག་རྒྱུར་སྟབས་བདེ་ཏན་ཏིག་བསྐྲུན་པ་རེད། མིག་སྔའི་བར་བདེ་ཆེན་ཁུལ་གྱི་གནས་གཏན་འཁེལ་གྱི་སིལ་ཚོང་སྨན་རྫས་ཚོང་ཁང་8སྒོ་བསྟེན་སྨན་བཅོས་ཀྱི་གཅིག་གྱུར་འཆར་འགོད་འགན་ལེན་ནང་བཅུག་པ་དང་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་75ཡིས་ཞིང་ཆེན་ནང་ཁུལ་དང་ཞིང་ཆེན་བརྒལ་ནས་ས་ཆ་གཞན་དུ་སྨན་བཅོས་བྱེད་པའི་དྲ་སྦྲེལ་བསྡོམས་རྩིས་ཤར་གཏོང་ཐུབ་པ་དང་ཆབས་ཅིག བདེ་ཆེན་ཁུལ་གྱི་ཆ་རྐྱེན་འཛོམས་པའི་བདེ་ཆེན་ཁུལ་བོད་སྨན་ཁང་གི་སྨན་རྫས་116དང་འཇོལ་རྫོང་མི་དམངས་སྨན་ཁང་གི་སྨན་རྫས་5དང་དེ་བཞིན་བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་རྣམ་གྲངས་23སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པ་མ་ཟད་སྨན་རྫས་116ཁྲོད་ཀྱི་སྣ་ཁ་79ཡི་བོད་སྨན་དམིགས་བསལ་ནད་དང་གཅོང་ནད་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པ་རེད། ཀྲུང་ལུགས་དང་བོད་སྨན་ཁང་32སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞིའི་གྲོས་མཐུན་དོ་དམ་ནང་བཅུག་པ་དང་རིམ་ཁག་སྨན་བཅོས་སྒྲིག་གཞིའི་སྤྱིར་བཏང་གི་སྒོ་བསྟེན་སྨན་བཅོས་ཁྲོད་བོད་ལུགས་གསོ་རིག་སྨན་རྫས་དང་དེ་བཞིན་ནད་བརྟག་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཀྱི་གཏོང་སྤྲོད་བསྡུར་ཚད་10%མཐོ་རུ་བཏང་ཡོད།  ད་ཆ་མང་ཚོགས་ཀྱིས་ནད་གཞི་ལྟ་སྐབས་བང་སྒྲིག་ཉུང་བ་དང་སྨན་རིན་སྤྲོད་སྐབས་དེ་བས་སྟབས་བདེ་བ་དང་སྨན་ཁང་དུ་སྡོད་སྐབས་དེ་བས་སེམས་ཁྲལ་མེད་པ་དང་སྣ་ཁ་འཛོམས་པ་དང་ནུས་པ་འཐུས་སྒོ་ཚང་ལ་གྲུབ་ཆ་ལུགས་མཐུན་གྱི་སྨན་བཅོས་དྲ་བ་བདེ་ཆེན་གྱི་ས་གཞི་ཆེ་མོར་ཁྱབ་ནས་དམངས་ཡོངས་ཀྱི་བདེ་ཐང་གོམ་སྟབས་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད།

        དྲང་སྲུང་གསར་གཏོད་ཀྱི་གོམ་སྟབས་བརྟན་པོ་སྤོས་པས་མང་ཚོགས་ཀྱིས་སྨན་པ་བསྟེན་སྐབས་དེ་བས་སྟབས་བདེ་དང་བློ་བདེ་པོ་བྱུང་ཡོད།

        བདེ་ཆེན་ཁུལ་གྱི་བོད་ལུགས་གསོ་རིག་སྨན་རྫས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་དེའི་ནད་ཐོག་སྨན་བཅོས་ཀྱི་ཕན་ནུས་གནད་ལ་འཁེལ་བ་དང་སྔོན་འགོག་བདེ་སྲུང་གི་ནུས་པ་ཐུན་མོང་མ་ཡིན་པ། སྨན་བཅོས་བྱེད་ཐབས་སྟབས་བསྟུན་དང་འགྲོ་གྲོན་དམའ་བའི་རྐྱེན་གྱིས་རྒྱ་ཆེའི་ནད་པས་དགའ་པོ་བྱེད་ཀྱི་ཡོད་པས་བདེ་ཆེན་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ལེགས་ཆའི་ཐོན་ཁུངས་ཤིག་རེད།བདེ་ཆེན་ཁུལ་བོད་སྨན་ཁང་ནི་ཡུན་ནན་ཞིང་ཆེན་གྱི་ཆེད་མངགས་བོད་ལུགས་གསོ་རིག་ཞིབ་འཇུག་དང་ཐོན་སྐྱེད་དང་བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་ཞབས་ཞུའི་མི་རིགས་སྨན་ཁང་འབའ་ཞིག་དེ་ཡིན།ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་མི་རིགས་ཀྱི་སྨན་དང་སྨན་བཅོས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་ཁུལ་བོད་སྨན་ཁང་གིས་བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཐད་ཀྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ལུགས་གསོ་རིག་རྒྱུན་འཛིན་ཧུར་ཐག་དང་བོད་ལུགས་གསོ་རིག་གསར་གཏོད་དང་འཕེལ་རྒྱས་བཏང་ནས་མི་སེར་ཚོས་"བོད་ལུགས་གསོ་རིག་ལ་ལྟ་བདེ་བ་དང་། བློ་བདེའི་ངང་བོད་སྨན་སྤྱོད་བདེ་བ་དང་བོད་ལུགས་གསོ་རིག་གི་སྨན་པ་ཡག་པོ་ལྟ་ཐུབ་པ་"བྱ་རྒྱུར་གཞོལ་ཡོད།

        ཉེ་བའི་ལོ་ཤས་རིང་།  བདེ་ཆེན་ཁུལ་བོད་སྨན་ཁང་གིས་བོད་ལུགས་གསོ་རིག་གི་ཁོག་ནད་ཚན་ཁག་དང་ཕྱི་ནད་ཚན་ཁག་གི་ནད་བརྟག་སྨན་བཅོས་མ་ལག་བཙུགས་ནས་གཅིན་པར་བརྟག་དཔྱད་དང་། འཕར་རྩར་བརྟག་དཔྱད། སྨན་ཁྲུས་སོགས་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་སྨན་བཅོས་བྱེད་ཐབས་73སྤེལ་བ་དང་། གཙོ་བོ་སེམས་དང་ཀླད་རྩའི་ཁྲག་རྩ་དང་། འཇུ་བྱེད་མ་ལག  དབུགས་འབྱིན་རྔུབ་མ་ལག མཆིན་མཁྲིས། རུས་རྨས་སོགས་ཀྱི་ནད་བརྟག་སྨན་བཅོས་བྱས་ཡོད།  སྨན་ཁང་ནང་གི་སྨན་རྫས་རང་གིས་སྔོག་འདོན་དང་། རང་གིས་བཟོ་བ། རང་གིས་འཚོང་བ་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྨན་རྒྱུ་ས་འོག་དང་། སྤུས་ཚད་བློས་འགེལ་ཆོག་པ། སྨན་བཅོས་ཀྱི་ཕན་ནུས་གནད་ལ་འཁེལ་བ། སྣ་ཁ་ཕུན་སུམ་ཚོགས་པ། རིན་གོང་དམའ་བ་བཅས་ཡོང་གང་ཐུབ་བྱས་པས་ནད་པའི་དགའ་བསུ་ཆེན་པོ་ཐོབ་ཡོད།

        མི་སེར་ཚོས་བོད་སྨན་སྤྱོད་བདེ་བ་དང་བློ་བདེའི་ངང་བོད་སྨན་སྤྱོད་ཐུབ་པ་བྱེད་པ་དང་འབྲེལ་བདེ་ཆེན་ཁུལ་གྱི་བོད་སྨན་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱེད་པའི་གཞན་དབང་གི་རྣམ་པར་འགྱུར་ལྡོག་གཏོང་ཆེད་བདེ་ཆེན་ཁུལ་བོད་སྨན་ཁང་གིས་1989ལོར་བོད་སྨན་ལྟེ་གནས་ཀྱི་སྨན་སྦྱོར་ཁང་བཙུགས་ཚུན་སྔ་རྗེས་སུ་མུ་ཏིག་བདུན་ཅུ་དང་མཁལ་གསོ་སྨན་མཆོག་(སེམས་ཀྱི་ཉི་ཟླའི་མཁལ་མའི་ནོར་བུ་)སོགས་སྣ་ཁ་142ཀྱི་སྨན་ཁང་ནང་གི་བོད་སྨན་སྦྱོར་རྫས་ཞིབ་བཟོ་དང་ཐོན་སྐྱེད་བྱས་པ་དང་། བོད་སྨན་ཁང་ནང་གི་སྨན་སྦྱོར་ཆོག་མཆན་ཡིག་ཨང་121ཐོབ་པ་དང་སྨན་སྦྱོར་ཁང་ལ་ད་དུང་"ཙུའོ་ཐའེ་"(佐太)གཙོ་བོར་བྱས་པའི་རྒྱུ་ཆ་དམིགས་བསལ་ཅན་སྣ་ཁ་16གི་ལས་སྣོན་ལག་རྩལ་ཡོད་པས་གཞི་རྩའི་ཆ་ནས་རྒྱུ་ཆ་དམིགས་བསལ་ཅན་སྣ་ཚོགས་རང་གིས་ཞིབ་བཟོ་དང་ཐོན་སྐྱེད་བྱེད་ཐུབ་པ་བྱུང་ཡོད།བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད་བདེ་ཆེན་ཁུལ་བོད་སྨན་ཁང་གིས་ད་དུང་ཕུལ་བྱུང་གི་མི་རིགས་གསོ་རིག་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་དར་སྤེལ་ཧུར་ཐག་བཏང་ནས་ཞིང་ཆེན་དང་ཁུལ་སྨན་རྫས་ལྟ་སྐུལ་དོ་དམ་དང་འཕྲོད་བསྟེན་སོགས་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་རྩ་ཆེའི་བོད་ལུགས་གསོ་རིག་གི་ཆེད་རྩོམ་ཁག་ཅིག་འཚོལ་བསྡུ་བྱས་པ་དང་འབྲེལ་《བོད་ལུགས་གསོ་རིག་གི་སྙིང་བཅུད་》 《བདེ་ཆེན་བོད་སྨན་》 《ཡུན་ནན་བོད་ལུགས་གསོ་རིག་》 《བདེ་ཆེན་བོད་སྨན་གྱི་དཔེ་རིས་》སོགས་བོད་ལུགས་གསོ་རིག་གི་ཆེད་རྩོམ་ཁག་བཞི་གཙོ་སྐྱོང་སྒྲིག་པས་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་བོད་ལུགས་གསོ་རིག་གི་ཆེད་རྩོམ་མ་ལག་རིམ་བཞིན་ཆགས་པ་རེད།