ནགས་ཕག་མཚོའི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ནགས་ཕག་མཚོ་ནི་ཡུན་ནན་ཞིང་ཆེན་གྱི་འཕྲེད་ཚད་དམའ་བ་དང་ས་བབ་མཐོ་ཤོས་ཀྱི་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་དུས་ཚིགས་རང་བཞིན་གྱི་འདམ་ར་ཞིག་ཡིན་པ་དང་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་དང་། དངོས་རིགས་སྣ་མང་རང་བཞིན། གཞི་རྒྱུ་སྣ་མང་རང་བཞིན། རྒྱུད་འཛིན་སྣ་མང་རང་བཞིན་བཅས་གཅིག་སྡུད་ཆེ་བའི་ས་ཁུལ་ཞིག་ཡིན་པས་1984ལོར་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ནགས་ཕག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་རེད། སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་2400ཡོད་པ་དེ་ནི་ཁྲུང་ཁྲུང་སྐེ་ནག་དང་། ངང་པ་ནག་པོ་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་གཉིས་པའི་གཙོ་གནད་སྲུང་སྐྱོང་བྱ་རིགས་ཀྱི་འཚོ་གནས་བྱ་ཡུལ་ཡིན། 2004ལོར་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་ཐོའི་ནང་བཅུག་པ་དེ་ནི་ཞིང་ཆེན་ཡོངས་ཀྱི་རྒྱལ་སྤྱིའི་འདམ་ར་གལ་ཆེན་5ཡི་གྲས་ཤིག་རེད། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་ས་མཐོའི་འདམ་ར་ཞིག་ཡིན་པའི་ནགས་ཕག་མཚོ་རྒྱལ་སྤྱིའི་འདམ་ར་གལ་ཆེན་ལ་སྐྱེ་དངོས་སྣ་མང་རང་བཞིན་གྱི་གསོ་སྐྱོང་དང་། ཆུ་ཁུངས་མཁོ་སྤྲོད། གསོ་སྐྱོང་། ཆུའི་སྤུས་ཚད་གཙང་བཟོ། སྐྱེ་ཁམས་མཛེས་ལྗོངས། སྐྱེ་ཁམས་དྲིལ་བསྒྲགས་བཅས་ཀྱི་ནུས་པ་གལ་ཆེན་དྲུག་ཡོད།


        ཉེ་བའི་ལོ་ཤས་རིང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ནགས་ལས་སྡེ་ཚན་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ནགས་ཕག་མཚོ་སྲུང་སྐྱོང་དོ་དམ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 2023ལོའི་བར་རིམ་རྩིས་བྱས་ན་ནགས་ཕག་མཚོ་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ་རྣམ་གྲངས་དུས་ཐེངས་5ལག་བསྟར་བྱས་པར་མ་དངུལ་སྒོར་ཁྲི་4950བཏང་བ་དང་ཉམས་ཞན་འདམ་ར་མུའུ་ཁྲི་1ལྷག་ཙམ་སླར་གསོ་བྱས་ནས་འདམ་ར་སྲུང་སྐྱོང་དོ་དམ་གྱི་ནུས་པ་དང་སྐྱེ་ཁམས་བདེ་ཐང་གི་སྤུས་ཚད་མཐོ་རུ་ནུས་ལྡན་བཏང་བ་རེད། སྡེ་ཁུལ་གྱིས་མཉམ་དུ་དོ་དམ་བྱས་ཏེ་འདམ་ར་སྲུང་སྐྱོང་གི་ནང་དོན་གྲོང་སྲོལ་དམངས་ཆིངས་ནང་བཅུག་པ། ཚན་རྩལ་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱི་འདམ་ར་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ། རྒྱུན་རྣམ་ཅན་གྱི་སྐོར་སྲུང་དོ་དམ་སྲུང་སྐྱོང་ལས་དོན་སྤེལ་ནས་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཉིན་རེར་སྐོར་སྲུང་ཐེངས་རེ་དང་བྱ་བ་རེར་གཙང་བཤེར་རེ་བྱེད་པའི་ལས་ཀའི་ལམ་སྲོལ་ཞིག་ཆགས་པ་བྱས་ནས་བྱ་རིགས་ལ་བདེ་འཇགས་དང་སྐྱིད་སྣང་དོད་པའི་འཚོ་སྡོད་ཁོར་ཡུག་ཅིག་མཁོ་འདོན་བྱེད་དགོས།ནགས་ཕག་མཚོའི་ཆུའི་སྤུས་ཚད་དང་ཆུ་སྐྱོན་གྱི་གནད་དོན་རྒྱུན་མཐུད་ངང་ཐག་གཅོད་ཡག་པོ་བྱས་ཏེ་ཆུ་ཁ་བདེ་འཇགས་ཀྱི་རྣམ་པར་གནས་པའི་འགན་ལེན་བྱེད་པ།

    དེ་དང་ཆབས་ཅིག་ནགས་ཕག་མཚོ་འདམ་རའི་སྐྱེ་ཁམས་ནུས་པ་ལེགས་སུ་ཕྱིན་པ་དང་འདམ་རར་འཚོ་སྡོད་བྱེད་པའི་བྱ་རིགས་ཀྱི་གྲངས་འབོར་རྒྱུན་མཐུད་ངང་མང་དུ་ཕྱིན་པ་དང་སྣ་ཁ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཡོད།