ཚན་རྩལ་འདེབས་འཛུགས་ཀྱིས་ཀུ་ཤུའི་ཐོན་ལས་ལ་རོགས་འདེགས་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་བའི་ལོ་ཤས་རིང་རིག་ནུས་ལག་རྩལ་དང་ཞིང་ལས་ཐོན་ལས་མ་ལག་མཉམ་འདྲེས་དམ་ཟབ་བྱུང་བ་དང་ཆབས་ཅིག གྲངས་གཞི་ཅན་གྱི་ཞིང་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱེད་པའི་ཁྲོད་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་ནས་གྲོང་གསེབ་དར་རྒྱས་ཀྱིས་སླར་ཡང་འགོ་གསར་པ་འཛུགས་པའི་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔར། གསར་འགོད་པ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་ཝ་ཧྲུ་གྲོང་ཚོའི་ཀྲུང་ཀྲི་ཨེན་མུའུ་ཚོགས་ཆུང་གི་ཞིང་ལས་ཚན་རྩལ་ཀུ་ཤུའི་ལྡུམ་རའི་ནང་ཀུ་ཤུ་ཡལ་ག་རེ་རེ་དམར་མདངས་གྱུར་པ་དང་།ཤིང་འབྲས་འདེབས་མཁན་ཞིང་པས་ཀུ་ཤུ་གཏོགས་པ་དང་སླེ་པོ་ནང་བླུགས་པར་བྲེལ་བཞིན་ཡོད་ལ། གྲངས་གཞི་ཅན་གྱི་ཆ་འཕྲིན་ཞིང་སའི་གང་སར་ཁྱབ་ནས་ཞིང་ལས་གྲངས་གཞི་ཅན་གྱི་ཕྱོགས་སྒྱུར་དོན་འཁྱོལ་བྱེད་པའི་གྲོང་གསེབ་ཀྱི་དངོས་བྲིས་ཤིག་ཏུ་གྱུར་ཡོད་པ་མཐོང་བྱུང་།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཕན་ཡོད་སྲིད་ཇུས་ལ་བརྟེན་ནས་སན་པ་ཤང་ཏང་ཨུ་དང་སྲིད་གཞུང་གིས་ཚོང་འགུགས་མ་འདྲེན་བྱས་པ་བརྒྱུད་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལག་རྟགས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་ནང་འདྲེན་བྱས།ཀུང་སི་འདི་ཉིད་ས་རྒོད་མུའུ་800དེ་ད་ཆའི་ཀུ་ཤུའི་ར་བར་བསྒྱུར་ནས་རྒྱལ་སྤྱིའི་སྔོན་ཐོན་གྱི་འདེབས་འཛུགས་བྱེད་སྟངས་དང་ཚད་ལྡན་ཅན་གྱི་སྐམ་སྒྲོམ་མ་ལག དེ་བཞིན་ཆུ་ལུད་གཞི་གཅིག་ཅན་གྱི་མ་ལག་དང་ཆུ་འདྲེན་སྦུ་གུ་དམའ་བ་སོགས་ཀྱི་སྒྲིག་བཀོད་སྤྱད་དེ། གྲངས་གཞི་ཅན་གྱི་དོ་དམ་ལ་བརྟེན་ནས་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་རེད།

    ད་ཆ་ཀུང་སིས་གྲངས་གཞི་ཅན་གྱི་ཆ་འཕྲིན་སྟེགས་བུ་བསྐྲུན་པ་བརྒྱུད་ཀུ་ཤུ་སྐྱེ་འཚར་གྱི་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་ནན་པོ་དང་གྲངས་གཞི་འཚོལ་བསྡུ་བྱས་པ་དང་འབྲེལ་ཚན་རྩལ་ཁྱབ་གདལ་གསོ་སྦྱོང་བྱས་པ་དང་། ཤིང་འབྲས་འདེབས་མཁན་ཞིང་པར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་གྲངས་གཞིར་བརྟེན་ནས་ཀུ་ཤུ་འདེབས་འཛུགས་ཚད་ལྡན་ཅན་དང་གནད་ལ་འཁེལ་བ་ཞིག་ཡོང་བའི་འགན་ལེན་བྱས་པ་རེད།ས་གནས་དེ་གའི་གྲོང་མི་ལག་རྩལ་བཟོ་པ་གསར་པར་གྱུར་ནས་ཤིང་འབྲས་འདེབས་མཁན་དུད་ཚང་90ཙམ་གྱི་ལོའི་ཡོང་འབབ་སྒོར་ཁྲི་80ལས་བརྒལ་ཡོད་པ་རེད།

    ད་ལོ་རྟེན་གཞིས་ཀུ་ཤུ་ཏུན་400སྔོན་ཐོན་བྱས་པ་དང་ཚོང་ལམ་ཐད་ཀུང་སི་དེའི་རིག་ནུས་ཞིང་ལས་ཐག་གཅོད་ཇུས་གཞིས་ས་གནས་དེ་གའི་ཞིང་ལས་ཐོན་སྐྱེད་བྱས་རྗེས་ཀྱི་ལྷུ་ཚིགས་རིག་ནུས་ཅན་དུ་སྐུལ་འདེད་བཏང་ནས་ས་གནས་དེ་གའི་ཤིང་འབྲས་འདེབས་མཁན་ཞིང་པར་འདེབས་འཛུགས་དང་།སྐྱེལ་འདྲེན། མཛོད་ཉར། ཕྱིར་འཚོང་བཅས་ཀྱི་སྦྲེལ་ལམ་ཁུངས་འདེད་མ་ལག་སྐྲུན་པ་རེད། གྲངས་འཛིན་ཞིང་ལས་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་འདེབས་འཛུགས་བྱས་པས་མགྱོགས་མྱུར་དང་ཕན་འབྲས་ཆེ་བའི་ཐོན་འབབ་བྱུང་བ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལག་རྟགས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་སན་པ་ཤང་གི་རྒྱབ་སྐྱོར་འོག་ས་གནས་དེ་གའི་ཞིང་ལས་ལོ་ལེགས་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་“གྲངས་འཛིན་ཤིང་འབྲས”དེས་ཀྱང་སན་པ་ཤང་གི་གྲོང་གསེབ་དར་རྒྱས་ལ་ནུས་པ་བཏོན་པ་རེད།