ཁྱེད་རང་རོང་བྲག་ལ་ཕེབས་ཨེ་མྱོང་། ཡུལ་འདིའི་མཛེས་མའི་ལུང་པ་ཨེ་ཤེས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-17   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

    དེ་ཡང་དགུན་གྱི་ལྷགས་པས་ཡུལ་གྲུ་ཀུན་ལ་བསྡམས་ནས་སྐྱེ་བོ་ཕལ་ཆེར་གྲང་ངར་གྱི་དཀྱིལ་ན་འདར་གསིག་རྒྱག་པའི་དུས་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་བརྒྱ་གཅིག་བོད་གྲོང་གི་ཡུལ་མི་རྣམས་ཀྱིས་དགུན་གྱི་དྲོ་སྐྱིད་ཉི་མ་ལོངས་སྤྱོད་བྱེད་ཞོར་སྤྲོ་སྣང་དང་བདེ་སྐྱིད་ལྡན་པའི་འཚོ་བ་ཅི་དགར་རོལ་བཞིན་མཆིས། སྤྱི་ཟླ་1པོའི་ཚེས་11ཉིན། ཀྲུང་གུང་རོང་བྲག་རྫོང་ཨུ་དང་རོང་བྲག་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གུང་རོང་བྲག་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རོང་བྲག་རྫོང་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱིས་གཉེར་འགན་ཁུར་བའི་དྲོ་སྐྱིད་ལྡན་པའི་རོང་བྲག་གིས་ཁྱེད་ལ་བྱིལ་བྱིལ་བྱེད་ཅེས་པའི་རོང་བྲག་དགུན་དུས་དམངས་སྲོལ་རིག་གནས་མྱོང་ཞིབ་བྱེད་སྒོ་རོང་བྲག་རྫོང་བརྒྱ་གཅིག་གྲོང་རྡལ་དུ་སྤེལ་ཡོད་པ་དང་། བྱེད་སྒོའི་ནང་རོང་བྲག་རྫོང་བརྒྱ་གཅིག་གྲོང་རྡལ་གྱི་ཡུལ་མི་རྣམས་ཀྱིས་ཞིམ་པའི་ཟས་མཆོག་ཁ་ལ་རོལ་ཞིང་མངར་བའི་མཆོད་ཆང་ལྕེ་ཡིས་མྱོང་བ། སྙན་པའི་ལ་གླུ་ངག་ནས་གྱེར་པ།  མཛེས་པའི་རྒྱན་གོས་ལུས་ལ་གྱོན་པ།  སྐྱིད་པའི་བྲོ་གར་ཡང་ཡང་འཁྲབ་པ་བཅས་ཀྱི་ཐོག་ནས། དེ་གར་ཕེབས་པའི་སྐུ་མགྲོན་དང་ཡུལ་སྐོར་བ། དེ་བཞིན་སྨྱན་སྦྱོར་ཚན་པ་སོགས་ལ་རྒྱལ་རོང་གི་ཁྱད་ཆོས་རབ་ཏུ་ཕྱུག་པའི་དགའ་སྟོན་གྱ་ནོམ་པ་ཞིག་བཤམས་ཡོད། དེ་ཐོག་ནས་ཉེ་བའི་ལོ་ཤས་རིང་རོང་བྲག་རྫོང་གི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་འཇགས་ཚོར་སེམས་བཅས་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་མཚོན་པ་མ་ཟད། རོང་བྲག་རྫོང་གིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་གཏོང་བའི་ཆོད་སེམས་ཀྱང་མངོན་ཡོད་པ་རེད། །