ཆམ་རིམས་ཡང་དང་བསྐྱར་དུ་འབྱུང་དོན་ཅི།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-16   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚགས་པར།

    ཆམ་རིམས་ནད་དུག་ཀ་པ་དང་ཁ་པ་གང་ཡིན་རུང་གྲུབ་གཞིHAདངNAགཉིས་ཀ་ཡོད། གྲུབ་གཞི་དེ་གཉིས་ཀྱིས་ལུས་ཕུང་ལ་ཕོག་ཐུག་བཟོས་པ་ལས་ནད་འགོག་གཟུགས་ཞེས་པ་དེ་འབྱུང་བ་ཡིན། ཡིན་ནའང་། ཆམ་རིམས་ནད་དུག་གང་ཡིན་རུང་གཞན་འགྱུར་འབྱུང་སླ་ལ། དེ་ཡང་དེའི་གྲུབ་གཞི་གཉིས་ལ་རྒྱུན་པར་འགོག་གཞི་སྤོ་འགྱུར་འབྱུང་བ་ཡིན་པས། ནད་དུག་ལའང་འགྱུར་ལྡོག་ཕྲན་བུ་བསྐྱེད་པ་ཡིན། གཞན་དུ་ཆམ་རིམས་ནད་དུག་ཀ་པའི་ནང་གསེས་མི་འདྲ་བ་དག་གི་བར་དུ་གྲུབ་གཞི་གཉིས་ཀྱི་རྒྱུད་རྒྱུ་བསྐྱར་སྡེབ་ལྟ་བུའང་འབྱུང་རྒྱུ་ཡོད་པས། ཆམ་རིམས་ཀྱི་འགོག་གཞི་ལ་སྤོ་འགྱུར་བྱུང་བ་ཡིན། འགོག་གཞིའི་གཞན་འགྱུར་དེ་རིགས་ཀྱིས་ནད་དུག་གསར་པ་བསྐྱེད་པ་དང་། དེ་ལས་འཛམ་གླིང་རང་བཞིན་གྱི་ཆམ་རིམས་བསྐྱེད་སྲིད་པ་ཡིན།
བརྒྱུད་ལམ་གང་དག་ཡོད།
ཆམ་རིམས་ནད་པ་དང་ནད་རྟགས་མེད་པའི་ཆམ་རིམས་འགོས་པ་དག་ནི་ཆམ་རིམས་འགོས་ཁྱབ་འབྱུང་གཞི་གཙོ་བོ་ཡིན། ནད་པར་ནད་རྟགས་མ་ཐོན་སྔོན་གྱི་ཉིན་གཅིག་དང་གཉིས་སུ་ནད་དུག་འདོར་ཐུབ་པ་ཡིན་ལ། ནད་དུག་འདོར་ཚད་ནད་བྱུང་བ་ནས་ཇེ་མཐོར་འགྲོ་བ་དང་། ཉིན་གཅིག་གི་རིང་ལ་མཐོ་རླབས་སུ་སླེབས་པ་ཡིན། ནད་དུག་འདོར་བའི་དུས་ཡུན་ནི་ཉིན་གསུམ་ནས་བརྒྱད་བར་ཡིན་ལ། ཆ་སྙོམས་ཀྱིས་ཉིན་ལྔ་ཙམ་ཡིན། ལོ་ཆུང་བྱིས་པའི་ནད་དུག་འདོར་ཚད་ནི་དེ་ལས་རིང་སྟེ། ཧ་ལམ་ཉིན་བཅོ་ལྔ་ཡིན།

ཆམ་རིམས་ནད་དུག་ནི་གཙོ་བོ་སྣ་སྦྲིད་རྒྱག་པ་དང་གློ་ལུ་རྒྱག་པ་སོགས་སུ་ཁ་ཆུ་འཐོར་བ་དང་། དེ་ཡང་ཉེ་སའི་མིའི་ཁ་དང་སྣ་དང་མིག་སོགས་ཀྱི་འབྱར་སྐྱི་ལ་ཐུག་པས་འགོས་པ་ཡིན། ཆམ་རིམས་ཀྱི་འགོས་ཚད་ཆེ་ལ། མྱུར་ཚད་ཀྱང་མགྱོགས། མི་ཕལ་ཆེ་བར་འགོ་སླ་ལ། བྱིས་པར་ལྷག་ཏུ་འགོས་ཉེན་ཆེ།

ཆམ་རིམས་འགོག་ཐབས་གང་དག་ཡོད།

ལོ་རྒྱུན་དུ་ཆམ་རིམས་འགོག་སྨན་རྒྱག་པ་ནི་ཆམ་རིམས་སྔོན་འགོག་གི་ཐབས་ལེགས་ཤོས་དེ་ཡིན། བྱིས་པ་དང་རྒན་པས་ཆམ་རིམས་འགོག་སྨན་བརྒྱབ་ན་ཆམ་རིམས་ཀྱི་ནད་རྟགས་ཐོན་ཚད་དང་ནད་གཞན་བསྡོངས་པ། མྱུར་སྐྱོབ་དང་འཆི་བའི་ཉེན་ཁ་སོགས་ཤིན་ཏུ་ཇེ་ཆུང་དུ་གཏོང་ནུས། དེས་ན་འགོག་སྨན་ནམ་ཚོད་བརྒྱབ་ན་ལེགས་སམ་ཞེ་ན།
སྤྱིར་བཏང་ཆམ་རིམས་འགོག་སྨན་བརྒྱབ་ནས་གཟའ་འཁོར་གཉིས་ནས་བཞི་འདས་རྗེས། སྲུང་སྐྱོབ་ཀྱི་ནུས་པ་ལྡན་པའི་འགོག་གཟུགས་ཐོན་པ་ཡིན། དེ་བས་རབ་ཡིན་ན་ཆམ་རིམས་འགོག་ཁྱབ་ཆེ་བའི་དུས་མ་སླེབས་གོང་། ཟླ་དགུ་པ་དང་བཅུ་པའི་ནང་ལ་ཆམ་རིམས་འགོག་སྨན་བརྒྱབ་ན་ལེགས། དུས་ཐོག་ཏུ་འགོག་སྨན་རྒྱག་མ་ཐུབ་ཚེ་ཆམ་རིམས་དར་ཁྱབ་ཆེ་དུས་ཀྱང་བརྒྱབ་ཆོག་པ་ཡིན།
ཆམ་རིམས་འགོག་སྨན་བདེ་འཇགས་ཡིན་ལ་ནུས་པ་བཟང་། ན་ཚོད་ཟླ་དྲུག་གམ་དེའི་ཡན་ལ་བུད་པའི་མི་སུས་ཀྱང་དམིགས་བསལ་གྱི་འཛེམ་བྱ་མེད་ན་འགོག་སྨན་བརྒྱབ་ཆོག་པ་ཡིན། སློབ་གྲྭ་དང་བྱིས་སྐྱོང་སྡེ་ཁག་གིས་ཆམ་རིམས་འགོག་སྨན་རྒྱག་ཚད་ཇེ་མཐོར་བཏང་ན། དགེ་སློབ་བར་ལ་ཆམ་རིམས་འགོས་ཚད་མངོན་གསལ་གྱིས་ཇེ་ཉུང་དུ་གཏོང་ཐུབ་ལ། རིམས་ནད་མཆེད་ཚད་ཀྱང་འགོག་ཐུབ། དེ་བཞིན་དུ་སློབ་ཐུན་ལ་ཆད་པ་དང་ལས་ཚོགས་ལ་ཆད་པའི་ཚད་ཀྱང་ཚོད་འཛིན་བྱེད་ཐུབ། གཞན་དུ་ནད་དུག་སློབ་གྲྭ་ནས་ཁྱིམ་ཚང་དང་སྡེ་ཁུལ་དུ་ཁྱབ་པའང་འགོག་ཐུབ་པས། ཁྱིམ་མི་ལའང་སྲུང་སྐྱོབ་ཀྱི་ནུས་པ་ཐོན་ཐུབ།
མིག་སྔར། རང་རྒྱལ་གྱིས་བཏོན་ཟིན་པའི་ཆམ་རིམས་འགོག་སྨན་ལ་དུག་གསོད་འགོག་སྨན་གསུམ་པ་དང་བཞི་པ། དུག་གནོན་འགོག་སྨན་གསུམ་པ་བཅས་ཡོད་ལ། དེ་ལས་དུག་གསོད་འགོག་སྨན་གསུམ་པ་དང་བཞི་པ་གཉིས་ལ་དུག་འབྱེད་འགོག་སྨན་དང་ཕལ་སྡེ་འགོག་སྨན་ཡང་འདུ། ཆམ་རིམས་འགོག་སྨན་ནི་རིམས་ཐར་མ་ཡིན་པའི་འགོག་སྨན་དུ་གཏོགས་པས། ཀུན་གྱིས་རང་མོས་ལྟར་འདེམས་ཆོག་ལ། དམིགས་བསལ་དུ་འོས་སྦྱོར་བྱ་དགོས་པ་ཅི་ཡང་མེད། །