རང་རྒྱལ་གྱི་རྩ་ཁྲིམས་སྐོར་གྱི་ཤེས་བྱ་འགའ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-08   རྩོམ་ཁུངས།    འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཆེན་ཡིན་ཞིང་། དེའི་ནང་དུ་དེ་ལ་བཅའ་ཁྲིམས་ཀྱི་ནུས་པ་ཆེ་ཤོས་ལྡན་པ་གཏན་འབེབས་བྱས་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་རྗེས་ཀྱི་སྤྱི་ལོ1954ལོའི་ཟླ9པའི་ཚེས20ཉིན་དང་། སྤྱི་ལོ1975ལོའི་ཟླ1པོའི་ཚེས17ཉིན། སྤྱི་ལོ1978ལོའི་ཟླ3པའི་ཚེས5ཉིན། སྤྱི་ལོ1982ལོའི་ཟླ12པའི་ཚེས4ཉིན་བཅས་སུ་རྩ་ཁྲིམས་བཞི་ལ་གྲོས་འཆམ་བྱུང་བ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ནི་སྤྱི་ལོ1982ལོའི་རྩ་ཁྲིམས་ཡིན་ལ། དེར་ཡང་སྤྱི་ལོ1988ལོ་དང་། སྤྱི་ལོ1993ལོ། སྤྱི་ལོ1999ལོ། སྤྱི་ལོ2004ལོ། སྤྱི་ལོ2018ལོ་བཅས་ལ་བཟོ་བཅོས་ཐེངས་ལྔ་བྱས་པ་ཡིན།

        1རྩ་ཁྲིམས་ཀྱི་དོན་སྙིང་།

        རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཆེན་ཡིན་པ་དང་། རྒྱུན་དུ་རྒྱལ་ཁབ་ཅིག་གི་སྤྱི་ཚོགས་ལམ་ལུགས་དང་རྒྱལ་ཁབ་ལམ་ལུགས་ཀྱི་གཞི་རྩའི་རྩ་དོན། རྒྱལ་ཁབ་ལས་ཁུངས་ཀྱི་རྩ་འཛུགས་དང་བྱེད་སྒོའི་གཞི་རྩའི་རྩ་དོན། སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དང་འོས་འགན་སོགས་ནང་དོན་གལ་ཆེན་གཏན་འབེབས་བྱེད་ཀྱིན་ཡོད་ལ། ལ་ལས་ད་དུང་རྒྱལ་དར་དང་རྒྱལ་གླུ། རྒྱལ་རྟགས། རྒྱལ་ས། དེ་བཞིན་དབང་སྒྱུར་གྲལ་རིམ་གྱིས་གལ་ཆེར་ངོས་འཛིན་བྱེད་པའི་ལམ་ལུགས་གཞན་དག་གཏན་འབེབས་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཁབ་ཀྱི་འཚོ་བའི་ཕྱོགས་སོ་སོ་དང་འབྲེལ་ཡོད། རྩ་ཁྲིམས་ལ་ཆེས་མཐོའི་བཅའ་ཁྲིམས་ཀྱི་ནུས་པ་ཡོད་པས་བཅའ་ཁྲིམས་གཞན་དག་བཟོ་བའི་གཞི་འཛིན་ས་ཡིན་ཞིང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ཐམས་ཅད་རྩ་ཁྲིམས་དང་འགལ་མི་ཆོག

        2རྩ་ཁྲིམས་བཟོ་བཅོས་བྱེད་སྟངས།

        རྩ་ཁྲིམས་ནི་ཀྲུང་གོའི་དམངས་གཙོའི་ལམ་ལུགས་དེ་བཅའ་ཁྲིམས་ཅན་དུ་བྱས་པ་ཡིན་པའི་ཆ་ནས། རྒྱལ་ཁབ་ཀྱི་རྩ་འཛུགས་དང་བྱེད་སྒོའི་སྤྱིའི་སྒྲིག་ཡིག་ཡིན་ལ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་རང་ངོས་ཀྱི་རྨང་གཞི་དང་སྲོག་ཤིང་ཡང་ཡིན་པས། རྩ་ཁྲིམས་བཟོ་བཅོས་བྱེད་སྟངས་གཏན་འབེབས་བྱེད་པར་ངེས་པར་དུ་རྩ་ཁྲིམས་ཀྱི་གཏན་འཇགས་རང་བཞིན་ལ་བསམ་བློ་གཏོང་དགོས།

        3རྩ་ཁྲིམས་བཟོ་བཅོས་ལས་ཁུངས།

        རྩ་ཁྲིམས་ཀྱི་གཏན་འབེབས་ལྟར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་ཡིན་པ་དང་། རྩ་ཁྲིམས་བཟོ་བཅོས་བྱེད་དབང་ཡོད་པའི་ལས་ཁུངས་ཉག་ཅིག་ཡིན།

        4རྩ་ཁྲིམས་བཟོ་བཅོས་གོ་རིམ།

        རྩ་ཁྲིམས་ཀྱི་དབང་གྲགས་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་འཁྱོངས་བྱ་ཆེད། རྩ་ཁྲིམས་བཟོ་བཅོས་བྱེད་པར་དམིགས་བསལ་གྱི་གོ་རིམ་བརྒྱུད་དགོས་པ་དང་། སྤྱིར་བཏང་གི་བཅའ་ཁྲིམས་བཟོ་བཅོས་རྒྱག་པ་དང་བསྡུར་ན་གཟབ་ནན་ཡིན།

        5རྩ་ཁྲིམས་འགྲེལ་བཤད་བྱེད་དབང་།

        རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་རང་རྒྱལ་གྱི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་རྩ་ཁྲིམས་འགྲེལ་བཤད་བྱེད་པའི་འགན་དབང་ཅན་དེ་ཡིན།

        6རྩ་ཁྲིམས་ཀྱི་གོ་གནས།

        རང་རྒྱལ་གྱི་རྩ་བའི་ཁྲིམས་ཆེན་དང་། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཡར་ཐོན། ཡུན་རིང་བདེ་འགོད་བཅས་རྒྱུན་འཁྱོངས་བྱེད་པའི་བཅའ་ཁྲིམས་ཀྱི་རྨང་གཞི། ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་སྐྱོང་རྒྱལ་དར་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བཅའ་ཁྲིམས་ཀྱི་འགན་ལེན་བཅས་ཡིན།

        1.རྩ་ཁྲིམས་ནི་བཅའ་ཁྲིམས་གཞན་དག་གི་ཁྲིམས་འཛུགས་རྨང་གཞི་ཡིན་པ་དང་། བཅའ་ཁྲིམས་གཞན་དག་ནི་རྩ་ཁྲིམས་བྱེ་བྲག་ཅན་དུ་བྱས་པ་ཡིན།

        2.བཅའ་ཁྲིམས་གང་ཞིག་ཡིན་རུང་རྩ་ཁྲིམས་དང་འགལ་མི་ཆོག་ཅིང་། གལ་ཏེ་འགལ་ན་ཁྲིམས་ཀྱི་ནུས་པ་མེད།

        3.རྩ་ཁྲིམས་ནི་རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཡིན།

        4.རྩ་ཁྲིམས་ནི་བྱ་སྤྱོད་ཀྱི་ཚད་གཞི་མཐོ་ཤོས་ཡིན།

        5.རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན།

        7རྩ་ཁྲིམས་ཀྱི་ནུས་པ།

        1.རྩ་ཁྲིམས་ཀྱིས་རང་རྒྱལ་གྱི་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་འགན་སྲུང་བྱས་ཡོད།

        2.རྩ་ཁྲིམས་ཀྱིས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།

        3.རྩ་ཁྲིམས་ཀྱིས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད།

        4.རྩ་ཁྲིམས་ཀྱིས་རང་རྒྱལ་གྱི་མིའི་ཐོབ་ཐང་གི་བྱ་གཞག་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་གོང་དུ་འཕེལ་བར་སྐུལ་འདེད་བཏང་ཡོད།