འདབ་པའི་ཉི་སྟེན་གྱིས་འཛམ་གླིང་གི་རིག་གནས་ཡུལ་སྐོར་བྱ་ཡུལ་གལ་ཆེན་དང་ས་རྟགས་གསར་པ་གཏོད་རྒྱུ་སྣེ་ཁྲིད་དུ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-08   རྩོམ་ཁུངས།    ཁམས་པའི་དྲ་བ།

ཉི་སྟེན་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་འཚང་ཁ་ཆེ།

    སྤྱི་ཟླ་དང་པོའི་ཚེས2ཉིན།གསར་འགོད་པས་འདབ་པའི་ཉི་སྟེན་མཛེས་ལྗོངས་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2023ལོར་ཉི་སྟེན་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི100ལྷག་ཙམ་ལ་སྣེ་ལེན་ཞུས་ནས་རིམས་ནད་མ་ཐོན་གོང་གི་ཚད་གཞི་མཐོ་ཤོས་སུ་སླེབས་ཤིང་།སྒོ་འཛིན་དང་རླངས་འཁོར་སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར2.57ཟིན་པ་དང་།ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར22.02ལ་ཟིན་པ་རེད།

    ལོ་དེར་འདབ་པའི་ཉི་སྟེན་མཛེས་ལྗོངས་ཁུལ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ། ཁུལ་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་འཛམ་གླིང་གི་རིག་གནས་ཡུལ་སྐོར་བྱ་ཡུལ་གལ་ཆེན་དང་ས་རྟགས་གསར་པའི་དམིགས་ཚད་ངེས་གནས་གཏོད་རྒྱུ་དང་། ཉི་སྟེན་གྲོང་ཚོ་སྲུང་སྐྱོང་སླར་གསོ་བྱ་རྒྱུ་དེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་གོ་སྐབས་སུ་བྱས་ནས་ཁྱབ་ཁོངས་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་རྨང་གཞིའི་འཛུགས་སྐྲུན། དོ་དམ་ཞབས་ཞུ།དྲིལ་བསྒྲགས་ཚོང་གཉེར། ཉེན་མེད་འགན་ལེན་སོགས་ཀྱི་ལས་དོན་ཁག་ལ་སྔར་བས་སྐུལ་འདེད་བཏང་ཡོད་པ་སྟེ།

    གཅིག་ནི་སྐྱེ་ཁམས་སྲུང་སྐྱོང་ལ་དམིགས་ཏེ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ་དང་། གཉིས་ནི་རྨང་གཞིའི་འཛུགས་སྐྲུན་ལ་དམིགས་ཏེ་ཡུལ་སྐོར་ཁོར་ཡུག་ལེགས་སུ་བཏང་བ། གསུམ་ནི་ཞིབ་ཕྲའི་དོ་དམ་ལ་དམིགས་ཏེ་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ། བཞི་ནི་དྲིལ་བསྒྲགས་དང་བྲིན་ཚོང་ལ་དམིགས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། ལྔ་ནི་ཉེན་མེད་མཚམས་མཐིལ་ལ་དམིགས་ཏེ་བདེ་ཞིང་འཇགས་པའི་མཛེས་ལྗོངས་ཁུལ་གཏོད་པ་བཅས་བྱས་ཡོད།

    སླད་ཕྱིན་དུ་འདབ་པའི་ཉི་སྟེན་མཛེས་ལྗོངས་ཁུལ་གྱིས“རིག་གནས་ལ་བརྟེན་ནས་ཡུལ་སྐོར་བྱེད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ་གཏོང་བའི”འདུ་ཤེས་རྒྱུན་འཁྱོངས་ཀྱིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པ་དང་སྐྱེ་ཁམས་ཤེས་དཔལ།རིག་གནས་དང་ཡུལ་སྐོར་མཉམ་འདྲེས། བདེ་ཞིང་འཇགས་པའི་མཛེས་ལྗོངས་ཁུལ་བཅས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏང་ཞིང་། ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་བསྐུལ་བ་བཅས་བྱས་ནས་འཛམ་གླིང་གི་རིག་གནས་དང་ཡུལ་སྐོར་བྱ་ཡུལ་གལ་ཆེན་བསྐྲུན་རྒྱུ་རེད།།