ལུའོ་ཁྲའོ་ཧྥུང་གིས་རང་ཁུལ་གྱི་ལས་འཁྱུར་ངལ་གསོ་བྱས་པའི་འགོ་ཁྲིད་རྒན་གྲས་དང་།ཞིང་ཨུ་དང་ཁུལ་ཨུའི་རིགས་གཅིག་མཁས་པ་དང་སྔོན་གཤེགས་དཔའ་བོའི་ཁྱིམ་མི།དཀའ་ངལ་ཡོད་པའི་ལས་བཟོ་པའི་ཁྱིམ་ཚང་བཅས་ལ་འཚམས་འདྲི་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།ཟླ1པོའི་ཚེས་2ཉིན།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥུང་གིས་རང་ཁུལ་གྱི་རིགས་གཅིག་མཁས་ཅན་ཁག་གཅིག་དང་། ལས་འཁྱུར་ངལ་གསོ་རྒྱག་མཁན་འགོ་ཁྲིད་རྒན་གྲས། སྔོན་གཤེགས་དཔའ་བོའི་ནང་མི་དང་དཀའ་ངལ་ཡོད་པའི་ལས་བཟོའི་ཁྱིམ་ཚང་ལ་འཚམས་འདྲི་གནང་ནས་ཁོང་ཚོར་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་དཔྱིད་གསར་གྱི་སྨོན་འདུན་ཞུས་པ་རེད།

    ལས་འཁྱུར་ངལ་གསོ་རྒྱག་མཁན་འགོ་ཁྲིད་རྒན་གྲས་ཐང་ཧྲི་ཧྭ་དང་ཏེང་ལེའང་ཚའེ། ཚེ་རིང་སྒྲོལ་མའི་ཁྱིམ་དུ་ལུའོ་ཁྲའོ་ཧྥུང་གིས་ཁོང་ཚོར་དཀར་གཙང་མཇལ་དར་ཕུལ་བ་དང་།ཁོང་ཚོ་དང་འདས་ཟིན་པ་དང་འཕེལ་རྒྱས་སྐོར་གླེང་ནས་འགོ་ཁྲིད་རྒན་གྲས་ཚོས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་རྨང་གཞི་བརྟན་པོ་བཏིང་བ་དང་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་ཤིང་།ཁོང་ཚོར་གཟུགས་པོར་བདག་གཅེས་ཡག་པོ་བྱས་ཏེ་བདེ་ཆེན་འཕེལ་རྒྱས་ཆེད་ཐབས་དང་ཇུས་མང་ཙམ་འདོན་དགོས་པའི་མངགས་བྱ་གནང་བ་དང་འབྲེལ་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་ཁོང་ཚོ་དང་ནང་མིར་དུས་ཆེན་སྤྲོ་པོ་དང་འཚོ་བ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།

    

    ཧོ་ཅི་ཧྥུ་དང་།ཝུའུ་ཧའེ་ཆོན།ཀྲའོ་ཀྲེན་ཡུས་བཅས་ཞིང་ཨུ་དང་ཁུལ་ཨུའི་རིགས་གཅིག་མཁས་པར་འཚམས་འདྲི་བྱེད་སྐབས།ལུའོ་ཁྲའོ་ཧྥེང་གིས་རིགས་གཅིག་མཁས་པ་རྣམས་དང་ཁ་བརྡ་བྱས་པ་མ་ཟད་རིགས་གཅིག་མཁས་པ་རྣམས་ཀྱིས་བདེ་ཆེན་གྱི་སློབ་གསོ་དང་སྨན་བཅོས་བྱ་གཞག་ལ་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    ལུའོ་ཁྲའོ་ཧྥེང་གིས་ཤེས་ལྡན་མི་སྣའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་དང་།ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་སློབ་གསོ་དང་།ཚན་རྩལ།ཤེས་ལྡན་མི་སྣའི་ལས་དོན་བཅས་ཁུལ་ཡོངས་ཀྱི་འཐབ་ཇུས་ལས་འགན་ཁྲོད་བཞག་ནས་གཅིག་གྱུར་གྱིས་འཆར་འགོད་དང་སྤྱི་ཡོངས་ནས་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་བདེ་ཆེན་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་པོ་འདོན་སྤྲོད་བྱ་དགོས།རོགས་སྐྱོར་ལས་སྟེགས་སྣ་ཚོགས་ལ་བརྟེན་ནས་སྨན་བཅོས་དཔུང་ཁག་གསོ་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་སྤུས་རྟགས་བཏོད་དེ་རང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་བསྟན་པ་རེད།

    ལུའོ་ཁྲའོ་ཧྥུང་གིས་རིགས་གཅིག་མཁས་ཅན་རྣམ་པར་ཡང་འབད་བསྐྱར་འབད་ཀྱིས་མིག་དཔེའི་སྟོབས་ཤུགས་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་གསར་པ་སྣེ་ཁྲིད་དང་སྦྱོང་བརྡར་བྱས་ནས་ཕུལ་བྱུང་གི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱས་ཏེ་བདེ་ཆེན་གྱི་བྱ་གཞག་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ལྕག་སྐུལ་གནང་བ་རེད།

    སྔོན་གཤེགས་དཔའ་བོའི་ནང་མི་སུང་ཤིའུ་ཀྲེན་གྱི་ཁྱིམ་དུ་ལུའོ་ཁྲའོ་ཧྥུང་གིས་རྒན་རྒོན་དང་གླེང་མོལ་བྱས་ཏེ་རྒན་རྒོན་གྱི་ཁྱིམ་ཚང་གི་གནས་ཚུལ་དང་གཟུགས་པོའི་གནས་ཚུལ་བཀའ་འདྲི་གནང་བར་ཐུགས་ཁུར་གནང་བ་དང་ཁོང་གིས་རྒྱལ་ཁབ་ལ་ཕུལ་བྱུང་གི་དམག་མི་ཞིག་གསོ་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་རྒན་རྒོན་ཚོར་གཟུགས་པོར་དོ་སྣང་བྱེད་དགོས་པའི་མངགས་བྱ་གནང་བ་མ་ཟད་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་གནང་བ་རེད།

    དཀའ་ངལ་ཡོད་པའི་ལས་བཟོ་བ་ཀྲང་རུན་ཡོན་གྱི་ཁྱིམ་དུ་ལུའོ་ཁྲའོ་ཧྥུང་གིས་ནང་མི་ཚང་མའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དང་འཕྲད་པའི་དཀའ་ངལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད།ཁོང་ཚོར་ཡིད་ཆེས་འཛུགས་པ་དང་དཀའ་ངལ་ཁྱད་བསད་བྱས་ཏེ་མིག་མདུན་གྱི་འཚོ་བའི་དཀའ་ངལ་ལ་དཔའ་ངར་ཆེན་པོས་ཁ་གཏད་ཧུར་ཐག་བཅག་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་བ་དང་འབྲེལ་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད།