ང་ཚོ་དང་ང་ཚོའི་མ་འོངས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ང་ཚོ་དང་ང་ཚོའི་མ་འོངས་པ།

བདེ་སངས་རིན་ཆེན་མཁར།

ཀྱེ་ཀྱེ།

ཇི་འདྲའི་ངོ་མཚར་ཆེ་བ་ལ།

ཇི་འདྲའི་མཛེས་སྡུག་ལྡན་པ་ལ།

དབྱར་གཞུང་གི་མེ་ཏོག

ཆར་རྗེས་ཀྱི་རྦབ་ཆུ།

བརྗིད་ཆགས་ཀྱི་རྫ་རི།

དགུན་གཞུང་གི་གངས་རི།

མཐོངས་དབྱིངས་ཀྱི་རྒོད་པོ།

འཁྱུག་འཁྱུག་གི་གློག་ཞགས།

དྲག་འབབ་ཀྱི་ཐོག་མདའ།

 

ཨ་ཧ། མཛེས་ཆ་དང་སྤོབས་པ།

བརྗིད་ཉམས་དང་སྤོབས་པ།

དཔལ་རྩལ་དང་བློ་གྲོས།

ད་དུང་། བླ་ན་མེད་པའི་ཟིལ་ཤུགས།

ངོ་མ་ཅི་ཡང་ཡོད་འདུག་ལ།

ཅི་ཡང་བསྒྲུབ་ནུས་དགོས།

 

ཁ་སང་གི་གཟི་འོད།

འཛམ་གླིང་ན་དཀར་ཞིང་རྩྭ་ཐང་ན་འཚེར།

མགྱོགས་འགྲོ་ཡི་རྨིག་སྒྲ་ཕྱོགས་བཞི་ན་གྲགས།

སྟོབས་འབྱོར་གྱི་དབང་ཐང་རི་རབ་ལྟར་བརྗིད་ལ།

ཟིལ་རྔམ་གྱི་བཀའ་བཙན་གནམ་ལྕགས་ལྟར་འབབ།

འབྲེལ་འདྲིས་ཀྱི་ཕོ་ཉ་གློག་དམར་ལྟར་འཁྱུག་ལ།

རྩལ་ཆེན་གྱི་གཞོན་རབས་རྒྱ་སྟག་ལྟར་གཏུམ།

ཕར་རྒོལ་ཚུར་ལེན་གྱི་མདའ་མདོང་རྒོད་ལ།

གཉའ་གནོན་དང་གནོད་འཚེ་ཡི་སྡུག་ཡུས་དབེན་པ།

ཞི་བདེ་དང་དགའ་སྤྲོའི་འཛུམ་མདངས་དེ་མངར་ལ།

བཀྲ་ཤིས་དང་དཔལ་གཡང་མ་ལུས་སུ་འཛོམས་ལ།

ལུགས་མཐུན་གྱི་མཛད་འཕྲིན་མཁར་རྔ་བཞིན་རྡུང་།

 

གངས་རི་དང་ཉི་ཟླའི་གཟི་དཔལ་རྒྱས་ཤིང་།

སྐར་ཚོགས་དང་མཚོ་མོའི་རྟེན་འབྲེལ་གྱི་སྦྱོར་སྟངས་ཡག

གཞོན་རབས་པ་ནི།

དུས་རབས་ཀྱི་རྣམ་ཤེས།

རྦབ་རླབས་ཀྱི་གདེངས་ཀ

སྣང་འོད་ཀྱི་ཡང་སྙིང་།

ལྗང་མྱུག་གི་སྐྱེས་སྟོབས།

སྔོན་ཆད་ནི་གཞོན་ནུའི་མཛད་བཟང་ཡིན་ལ།

ད་ལྟ་ཡང་གཞོན་ནུའི་འཇིག་རྟེན་དང་བཞིན་རས་ཡིན།

མ་འོངས་པ་གཞོན་རབས་པའི་སང་ཉིན་ཡིན་ལ།

སང་ཉིན་ནི་ད་ལྟའི་གཞོན་རབས་པའི་མ་འོངས་ཡིན།

 

ཁ་སང་། དེ་རིང་། སང་ཉིན།

ཡོད་ཚད་ཀྱི་ཡོད་ཚད།

སྤོབས་པ་ལས་གྲུབ་པའི།

དཔལ་ཡོན་ལས་གྲུབ་པའི།

བློ་གྲོས་ལས་གྲུབ་པའི།

དཔའ་ངར་ལས་གྲུབ་པའི།

ལྷག་བསམ་ལས་གྲུབ་པའི།

མེ་ལྕེ་ལྟ་བུའི་གཞོན་རབས་པ་ཡིན་ལ།

རྦབ་ཆུ་ལྟ་བུའི་གཞོན་རབས་པ་ཡིན།

 

ཨོ།གཞོན་རབས་པ་སུ་རེད།  ང་ཚོ་ཡིན། 

གཞོན་པ་གང་ན་ཡོད། གཞོན་རབས་པ་འདི་ན་ཡོད།

གཞོན་རབས་པས་ཅི་ཞིག་སྒྲུབ་ཀྱིན་ཡོད།

གཞོན་རབས་པས་བླང་དོར་མ་འཆུག་པར།

དམིགས་ཡུལ་དང་འདུ་ཤེས་མ་འཆུག་པར།

རང་ཚུགས་མ་ཤོར་བར་ད་ལྟ་ལ་བཟོ་བཅོས་དང་གསར་སྐྲུན།

དབྱར་གཞུང་གི་རྩི་ཤིང་ལ་གསོན་ཤུགས་རྫོགས།

དབྱར་གཞུང་གི་བེའུ་མཆོང་ལྡིང་ལྷག

དབྱར་གཞུང་གི་བྲུག་ཆུའི་གོམ་ཁ་ལྷོད་པ་ལྟར།

རིགས་ཀྱི་རྨི་ལམ་དང་རེ་བ་ཡང་དེ་ལས་མ་འདས།

གདོད་མ་ནས་སྡུག་བསྔལ་ལས་ཐར་བར་གོམས་ཤིང་།

སྡུག་བསྔལ་ལས་རྒྱལ་བར་ནུས་པའི་སྟོབས་ཤུགས་ཡོད་ཚད་ཀྱི་ཡང་སྙིང་།

ཡོད་ཚད་ཀྱི་རེ་བ། གཅིག་ཏུ་བསྡུས་ཤིང་བསྡོམས་པའི་གཞོན་རབས་པ།

མིའི་རིགས་སྡུག་བསྔལ་ལ་མི་དུངས་ཤིང་།

དགའ་སྤྲོ་དང་ཞི་བདེ་ལ་གུས་ཤིང་བརྩེ་བ་ཁྱེད་ཅག་ལ་གསལ་ངེས།

དེའི་ཕྱིར། སྔོན་ཆད་མཐོང་ཤིང་ད་ལྟ་འཛིན་པ།

མ་འོངས་པར་ཟམ་པ་བསྐྲུན་ནི།

གཞོན་རབས་པའི་དམ་བཅའ་དང་འོས་འགན།

རེ་བ་དང་དོན་སྙིང་ཡིན།

ད་ལྟ་ནི་ང་ཚོའི་བཞིན་རས་དང་སྣང་བརྙན་ཡིན་ལ།

མ་འོངས་བའི་དུས་ཚིགས་ཀྱི་བཞིན་རས་ཀྱང་ཡིན་པས།

ཁོ་ཚོ་དང་ཁོ་ཚོ་ལ་དགོས་དོན་དང་རེ་འདོད་མོད།

ང་ཚོ་ནི་བཀའ་སྒྲུབ་མཁན་མིན་པའི་འགན་ཁུར་ཅན་དང་།

དྲན་སྐུལ་གྱི་ཅོང་བརྡ་ཐོས་པའི་རྟོགས་སད་མཁན་དེ་དང་།

རང་ཚུགས་བསམ་གཞིག་གི་ཕོ་ཉ་ཁྱུ་གཅིག་ཡིན།