དགུན་དུས་ཀྱི་འབྱིན་རྔུབ་ནད་ལ་ཚན་རིག་དང་མཐུན་པར་ཁ་གཏད་གཞལ་ཐབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-29   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་དྲ་བ།

    ད་ལྟའི་དུས་འདི་ནི་དགུན་དུས་ཀྱི་འབྱིན་རྔུབ་ནད་ཀྱི་ཚ་རླབས་འཕྱུར་བའི་སྒང་ཡིན་མོད། ང་ཚོས་དེ་ལ་སེམས་ཁྲལ་ཆེན་པོ་བྱེད་དགོས་དོན་མེད་དེ། ཆམ་རིམས་ནི་ལོ་རྒྱུན་གྱི་ཟླ10པའི་ཟླ་སྨད་ནས་བཟུང་སྟེ་གང་སར་མཆེད་པ་ཡིན་ལ། དུས་དེར་འབྱིན་རྔུབ་ཀྱི་ནད་རིགས་གཞན་པའང་འབྱུང་བ་ཡིན། དེ་ལ་ང་ཚོས་ཚན་རིག་དང་མཐུན་པའི་བྱེད་ཐབས་ལྷུར་བླངས་ཏེ། རང་ཉིད་དང་ཁྱིམ་མིའི་བདེ་ཐང་ཇི་ལྟར་ཁག་ཐེག་བྱེད་དགོས་ཤེ་ན།

མི་ཚོགས་འདུ་སར་མི་འགྲོ་བ།

མི་ཚོགས་འདུ་ས་དང་། ནང་སྒོས་སུ་མཁའ་དབུགས་རྒྱུ་ས་མི་ཡངས་པའི་ཁང་པའི་ནང་རོལ་ནི་འབྱིན་རྔུབ་ནད་འབྱུང་སླ་བའི་གནས་ཡིན་པས། དེ་འདྲའི་གནས་སམ་གཤམ་དུ་བཀོད་པའི་གནས་དེ་དག་ཏུ་འབྱིན་རྔུབ་ནད་འགོས་པར་མཉམ་འཇོག་དགོས།

(1) སློབ་གྲྭ་དང་བྱིས་སྐྱོང་ཁང་། རྒན་གསོ་ཁང་། ཕན་བདེ་གླིང་སོགས་མི་ཚོགས་འདུ་ས།

(2) ས་འོག་ལྕགས་ལམ། སྤྱི་སྤྱོད་འགྲུལ་འཁོར། གནམ་གྲུ་སོགས་མི་ཚོགས་འདུ་སའི་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད།

(3) སྨན་ཁང་དང་སྒོ་བསྟེན་ཁང་སོགས་སྨན་བཅོས་སྡེ་ཁག

(4) ཟློས་གར་གླིང་དང་གློག་བརྙན་ཁང་། གསོལ་ཁང་སོགས་སྤྱི་པའི་འདུ་གནས། བྱ་འགུལ་ཆེ་རིགས་སྤེལ་ས་སྟེ།དཔེར་ན་གླུ་གར་འཁྲབ་སྟོན་དང་ལུས་རྩལ་འགྲན་ཚོགས་སྤེལ་ས་ལྟ་བུ།

རང་ཉིད་ཀྱི་གཙང་སྦྲར་དོ་སྣང་བྱེད་པ།

འབྱིན་རྔུབ་ཀྱི་ནད་རིགས་ཆེས་ཆེར་དར་དུས། རང་ཉིད་ཀྱི་གཙང་སྦྲར་ལྷག་པར་མཉམ་འཇོག་དགོས།

(1) ལག་པ་བཀྲུས་ཏེ་ལག་པའི་གཙང་སྦྲར་གོམས་གཤིས་བཟང་པོ་ཆགས་པར་བྱེད་པ་དང་། འདག་ཆལ་དང་བཞུར་ཆུ་ལ་བསྟེན་པ་གལ་ཆེ།

(2) གློ་ལུ་བ་དང་སྣ་སྦྲིད་རྒྱག་སྐབས་གཙང་ཤོག་དང་ལག་ཕྱིས། ཕུ་རུང་སོགས་ཀྱིས་ཁ་སྣ་འགེབས་པ།

(3) མིག་དང་ཁ་སྣ་ལ་རེག་པར་གོམས་པའི་གོམས་གཤིས་དེ་བསྒྱུར་དགོས།

(4) ནད་པ་དང་འགྲོགས་འདྲིས་ཉུང་བར་བྱེད་པ་དང་། སྤྱི་པའི་འདུ་གནས་སུ་ཁ་ཐུམ་རྒྱག་པ།

(5) ཕྱིའི་དྲོ་གྲང་ཚད་དང་རན་དུས། དུས་དང་དུས་སུ་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་བར་བྱེད་པ།

དུས་ཐོག་ཏུ་འགོག་སྨན་རྒྱག་པ།

ཆམ་རིམས་ཀྱི་འགོག་སྨན་རྒྱག་པ་ནི་ཆམ་རིམས་སྔོན་འགོག་དང་། ཡང་ན་ཆམ་རིམས་དང་འབྲེལ་བའི་ནད་རིགས་ཚབས་ཆེན་མི་འགོ་བར་བྱེད་པ་དང་། ཤི་རྐྱེན་འགོག་ཐབས་ཀྱི་བྱེད་ཐབས་ནུས་ལྡན་དེ་ཡིན། ཆམ་རིམས་དང་པྲོག་གསར་ནད་དུག་སོགས་འགོག་སྨན་གྱི་དམིགས་སར་གྱུར་པའི་འབྱིན་རྔུབ་ནད་རིགས་འགོ་སླ་བའི་མི་ཚོགས་ཀྱིས་དུས་ཐོག་ཏུ་འགོག་སྨན་བརྒྱབ་སྟེ། འགོ་ནད་ཀྱི་གཞུག་སྡུག་ཚབས་ཆེན་དུ་འགྱུར་བ་སྔོན་འགོག་བྱེད་དགོས། ལོ65ཡི་ཡན་ལ་སོན་པའི་རྒན་པ་རྣམས་ལ་གློ་ཚད་ཟླུམ་སྲིན་གྱི་འགོག་སྨན་བརྒྱབ་མེད་ན། སྔ་མོ་ནས་འགོག་སྨན་དེ་རིགས་རྒྱག་དགོས། གལ་ཏེ་སྔོན་ཆད་འགོག་སྨན་བརྒྱབ་མྱོང་ན། ལོ5ཡི་ཚུན་ཆད་དུ་འགོག་སྨན་དེ་བསྐྱར་དུ་རྒྱག་པར་བསམ་བློ་གཏོང་ཆོག་པ་ཡིན། །