ནགས་ཕག་མཚོ་ཆུའི་གནོད་འཚེ་བཅོས་སྐྱོང་དང་སྣོད་བཅུད་སླར་གསོ་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 གསར་འགོད་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོའི་འབབ་རྒྱུད་ཕྱོགས་བསྡུས་སྲུང་སྐྱོང་བཅོས་སྐྱོང་འདུ་འགོད་ཀྱི་སྐུལ་འདེད་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བར།    འདི་ལོ་ནས་བཟུང་ཁུལ་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་ཁག་བགོས་ཁ་གསལ་དང་རིམ་པ་བཞིན་འགན་འཁྲི་ཏན་ཏིག་འཁུར་ནས་ནགས་ཕག་མཚོ་ཆུའི་བཅོས་སྒྲིག་དང་སྣོད་བཅུད་སླར་གསོའི་རྣམ་གྲངས་ལག་ལེན་ཤུགས་ཆེན་བསྟར་བས་འབྲེལ་ཡོད་ལས་དོན་ལ་ཕན་འབྲས་ཐོན་ཡོད་པ་རེད།  

2018ལོར་ནགས་ཕག་མཚོར་ཆུ་ལོག་ཐོན་རྗེས་ཁུལ་དང་གྲོང་ཁྱེར་རིམ་པ་གཉིས་ཀྱིས་ཆུ་བཤང་འདམ་གཤོང་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ལས་ཡུན་ལྡོག་སྒྲིག་བྱས་ཏེ་ནགས་ཕག་མཚོ་ཁར་ཆུ་ཟགས་ནས་འདམ་བཅོསཆུ་སྐྱོན་བཅོས་སྒྲིགརྣམ་གྲངས་ལག་ལེན་བསྟར་འགོ་བཙུགས་པ་དང་གཙང་སེལ་ཇུས་གཞིར་གཞོགས་འདེགས་བྱས་ཏེ་འཚོལ་ཞིབ་ཇུས་གཞི་བཟོས་ནས་ནགས་ཕག་མཚོའི་ཆུ་ལོག་གིས་མཐའ་འཁོར་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་བཟོས་པའི་ཤུགས་རྐྱེན་དུས་ཐོག་ཏུ་བསལ་བ་རེད།     འདི་ལོ་ཚུན་དུ་ནགས་ཕག་མཚོ་ཆུར་ཕོག་པའི་གནད་དོན་ཐག་གཅོད་བྱས་ནས་ནགས་ཕག་མཚོའི་ཆུ་སྤུས་མཐོ་རུ་གཏོང་ཆེད།    དེ་སྔོན་ཆུ་སིམ་ཚད་ཨང་7པ་དང་8པའི་ཆུ་སིམ་གས་སྲུབས་ལ་རྒྱུན་གཏན་གྱི་འདམ་སེལ་བྱས་པའི་རྨང་གཞིའི་ཐོག་ཆུ་གཤོང་ཚད་མང་དུ་བཏང་བ་དང་།    ཆུ་བཀག་ཚད་མང་དུ་བཏང་བ།   ཆུ་འགོའི་ཆུ་ཁ་མཐོ་རུ་བཏང་བ།   གཞུང་ལམ་མང་དུ་དང་།    གཞུང་ལམ་སྤོ་སྐྱོད།    ཆུ་ལམ་ལེགས་སྒྲིགས་ཚིགས་མང་དུ་གཏོང་བ།    ས་ཚིགས་མང་དུ་གཏོང་བ།    མདོང་འཛུགས་སོགས་ཀྱི་བྱ་ཐབས་སྤྱད་ནས་ནགས་ཕག་མཚོའི་ཆུ་སིམ་གས་སྲུབ་འཕྲལ་སྡོམ་དང་འདམ་གཤོང་གི་དུས་མཚམས་རང་བཞིན་གྱི་ལས་གྲྭ་ལེགས་སྒྲུབ་བྱས་པ་དང་འབྲེལ་2023ལོའི་ཟླ་3ཚེས་31ཉིན་ཆུ་བཤངས་འགོ་བཙུགས་པ་དང་2023ལོའི་ཟླ་བདུན་པར་ཆུ་རྒྱས་པའི་དུས་ཀྱི་ཆུ་ཁ་སྨི་3263.84ཟིན་པ་དེ་ཆུ་རྒྱས་ཚད་དང་ཆུ་འབོར་དོ་སྙོམས་བྱུང་ནས་2022ལོའི་ཆུ་རྒྱས་པའི་དུས་ཀྱི་ཆུ་འབྲུབ་ཚད་མཐོ་ཤོས་སྨི་3266.68དང་བསྡུར་ན་སྨི་3.84ཡི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།    མིག་སྔར་ཆུ་རྒྱས་ཚད་བདེ་འཇགས་ཡིན་པ་དང་།  ཆུ་གཏོང་ཚད་དང་འབུད་ཚད་དོ་མཉམ་བྱུང་ཡོད། 

ཉེ་བའི་ལོ་ཤས་རིང་བདག་སྐྱོང་ཅུས་ཀྱིས་འདམ་ར་སྲུང་སྐྱོང་དང་སླར་གསོ་བྱེད་པའི་རྣམ་གྲངས་སྣ་ཚོགས་རྒྱུན་མཐུད་ངང་སྤེལ་ཞིང་།     2016ལོ་ནས་བཟུང་སྡེ་ཁུལ་གྱི་མཉམ་སྒྲུབ་རྣམ་གྲངས་སྤེལ་ནས་གྲོང་མི་ཐད་ཀར་འདམ་ར་སྲུང་སྐྱོང་ནང་ཞུགས་རྒྱུར་གདན་དྲངས་པ་དང་།    2022ལོ་བར་རིམ་རྩིས་བྱས་ན་རྣམ་གྲངས་ཁག་4ཡི་འདམ་རའི་སྣོད་བཅུད་ཕན་འབྲས་ཁ་གསབ་རྣམ་གྲངས་ལག་ལེན་བསྟར་ཞིང་། རྨོ་ཞིང་ཁ་གསབ་རིམ་རྩིས་བྱས་ན་མུའུ་427.81ཟིན་པ་དང་ཞན་འགྱུར་འདམ་ར་སླར་གསོ་ཐུབ་ཁྱོན་མུའུ་10000ཟིན་ཡོད་པ་རེད།     ནགས་ཕག་མཚོ་མཐའ་འཁོར་གྱི་མང་ཚོགས་སྣོད་བཅུད་གསོ་ཚགས་ལག་རྩལ་གསོ་སྦྱོང་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་ནས་ཞིང་འབྲོག་པས་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་རིགས་གསོ་བ་དང་།    རྩྭ་འདེབས་ཕྱུགས་གསོ།    ལྷས་རར་གསོ་ཚགས་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཕྱུགས་རིགས་དང་བྱ་རིགས་ཀྱི་ལྕི་བ་དང་ལུད་ཞིང་ནང་དུ་རྩྭ་གསོ་བ་དང་བེད་སྤྱོད་གཏོང་བ།    ཞིང་འབྲོག་འཁོར་སྐྱོད་ཀྱི་ལྗང་མདོག་སྐྱོན་བྲལ་གསོ་ཚགས་བྱེད་སྟངས་ཁྱབ་གདལ་གཏོང་བ།    གསོ་ཚགས་ཚན་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བ།    གསོ་ཚགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ།    ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བཏང་ཡོད།